དོན་ཚན་བཅུ་གཅིག་པ། བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་ཡོད་པའི་སྡེ་ཁག་དང་མི་སྒེར་རྣམས་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྟེར་དགོས། བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཞུགས་ནས་ནད་ཕོག་པ་དང་དབང་བོ་སྐྱོན་ཅན་དུ་གྱུར་བ། དེ་མིན་ཚེ་སྲོག་ཤོར་བའི་མི་རྣམས་ལ་འབྲེལ་ཡོད་གཏན་འབེབས་ལྟར་ཁ་གསབ་རོགས་དངུལ་སྟེར་བ་དང་གཟིགས་སྐྱོང་བྱེད་དགོས།
དོན་ཚན་བཅུ་གཉིས་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་བྱི་རིམས་ལྟ་ཞིབ་ཚད་ལེན་ཇུས་གཞི་དང་སྔོན་འགོག་ཚོད་འཛིན་བྱ་བའི་འཆར་གཞི་གཏན་འབེབས་བྱ་དགོས། བྱི་རིམས་ཀྱི་རང་བྱུང་རིམས་ནད་འབྱུང་ཁུངས་ས་ཁུལ་གྱི་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཇུས་གཞི་གཏན་འབེབས་བྱ་དགོས་པ་དང་། རྩ་འཛུགས་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད། ཉེན་ཁའི་དཔྱད་འཇོག་བཅས་ཀྱི་བྱ་བ་སྤེལ་དགོས་པར་མ་ཟད། སྔོན་འགོག་བྱེད་ཐབས་ལག་བསྟར་བྱས་ནས་བྱི་རིམས་འབྱུང་བ་དང་འགོས་ཁྱབ་ཏུ་འགྲོ་བ་སྔོན་འགོག་བྱེད་དགོས།
དོན་ཚན་བཅུ་གསུམ་པ། བྱི་རིམས་ཀྱི་རང་བྱུང་རིམས་ནད་འབྱུང་ཁུངས་ས་ཁུལ་གྱི་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཏན་འཇགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་གནས་འཛུགས་སྐྲུན་དང་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། དགོས་ངེས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་ལས་བྱེད་མི་སྣ་བཀོད་སྒྲིག་བཅས་བྱས་ཏེ་བྱི་རིམས་ཐད་ཀྱི་ལྟ་ཞིབ་ཚད་ལེན་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་འཕྲལ་བསྟུན་སྔོན་ཇུས་གཞིར་བཟུང་ནས། རང་གི་སྲིད་འཛིན་ཁུལ་ཁོངས་ནང་གི་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་འཕྲལ་བསྟུན་ཇུས་གཞི་བཟོ་དགོས་པ་དང་། རིམ་པ་མཚུངས་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་བཀོད་ནས་ཁྱབ་བསྒྲག་བྱེད་པར་སྤྲོད་དགོས།
དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་འཕྲལ་བསྟུན་སྔོན་ཇུས་ལྟར། འཕྲལ་བསྟུན་བཀོད་འདོམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕྲལ་བསྟུན་དངོས་ཟོག་གྲབས་གསོག་ནང་རྐྱེན་འཐུས་ཚང་དུ་གཏོང་བ། འཕྲལ་བསྟུན་ཐག་གཅོད་དཔུང་སྡེ་འཛུགས་པ། དུས་བཅད་ལྟར་འཕྲལ་བསྟུན་སྦྱོང་བརྡར་བྱེད་པ་བཅས་བྱས་ཏེ་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས།
དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་རིམས་བཤེར་འཇལ་ཚོད་ལྟ་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཚོད་ལྟ་ཁང་གི་བཤེར་འཇལ་སྤུས་ཚད་དང་མགྱོགས་མྱུར་བཤེར་འཇལ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་བྱི་རིམས་བཤེར་འཇལ་ཚོད་ལྟ་ཁང་གི་སྐྱེ་དངོས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། བྱི་རིམས་ཀྱི་ནད་གཞི་དང་བྱི་རིམས་བཤེར་འཇལ་མ་དཔེ་བསྡུ་རུབ་དང་ཉར་ཚགས། འཁྱེར་བ། སྐྱེལ་འདྲེན། བཀོལ་སྤྱོད་བཅས་ཀྱི་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།