ཆུ་འཐུང་ཤེས་ན་ཁྲག་ཤེད་བདེ་ལ་འབབ་པར་ཕན།
2024.08.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

ཆུ་འཐུང་ན་ཁྲག་ཤེད་ལ་ཕན་ནམ་ཞེ་ན། ཕན་ཏེ། ཆུ་འཐུང་ཤེས་བྱས་ན་ལུས་ཀྱི་བརྗེ་ཚབ་ལ་ཕན་པར་མ་ཟད། ད་དུང་ཁྲག་ཤེད་བདེ་ལ་འབབ་པར་ཡང་ཕན་ནུས་ཆེ།

འཐུང་ཚད་ཤེས་དགོས་ལ་དྲོད་གྲང་ལྷག་ཏུ་ཤེས་དགོས།

ཁྲག་ཤེད་མཐོ་བའི་ནད་པས་ཐེངས་གཅིག་ལ་ཆུ་མང་པོ་འཐུང་མི་རུང་སྟེ། དེ་ལྟར་བྱས་ན་ཁྲག་གློ་བུར་ཇེ་མང་དུ་ཕྱིན་ཏེ་ཁྲག་ཤེད་ལ་འཕར་ལྡིང་འབྱུང་བར་བྱེད། རབ་ཡིན་ན་ཁྲག་ཤེད་མཐོ་བའི་ནད་པས་ཆུ་ཉུང་ཐེངས་མང་དུ་བསྟེན་ན་ལེགས་ཏེ། ཐེངས་རེའི་ཆུ་འཐུང་ཚད་ཧའོ་ཧྲེང200ཡས་མས་སུ་ཚོད་འཛིན་བྱེད་པ་དང་། ཉིན་རེའི་ཆུ་འཐུང་བའི་དུས་ཚོད་ཆ་སྙོམས་ཀྱིས་བགོ་དགོས། ཁྲག་ཤེད་མཐོ་བའི་ནད་པས་ཤིན་ཏུ་ཚ་བ་དང་ཤིན་ཏུ་འཁྱག་པའི་ཆུ་མི་འཐུང་བར། ཆུ་དྲོད་འཇམ་འཐུང་ན་རབ་ཏུ་ལེགས།

ཆུ་ཁོལ་གྱིས་ཁྲག་རྒྱུན་གྱི་ནུར་ཚད་སྙོམས་སྒྲིག་བྱས་ཏེ་ཁྲག་ཤེད་གཅོག་པར་ཕན་པ་ཡིན། ཆུ་ཁོལ་ལས་གཞན། ཁྲག་ཤེད་མཐོ་བའི་ནད་པས་ཇ་ཚད་དང་རན་པའང་བསྟེན་རུང་། ཡིན་ནའང་། ཇ་ཡི་ནུར་ཚད་ཆེ་མི་རུང་སྟེ། གཉིད་དང་ཁྲག་ཤེད་ལ་གནོད།

ཞོགས་པར་མལ་ལས་ལངས་རྗེས་ཆུ་འཐུང་ན་མཚན་མོར་ལྷག་པའི་ཆུ་ཡི་དགོས་མཁོ་དེ་ཁ་གསབ་བྱེད་ལ། ལུས་ཀྱི་བརྗེ་ཚབ་ལའང་ཕན། སྔ་དྲོ་དང་ཕྱི་དྲོར་ཆུ་འཐུང་ན་ཆུ་ཁམས་དོ་མཉམ་ཡོང་བ་དང་རྒྱུན་ལྡན་གྱི་སྐྱེ་ལུགས་བྱེད་ལས་སྲུང་འཛིན་བྱེད་པར་ཕན། ཉལ་ཁར་ཆུ་ཚད་དང་རན་པར་བསྟེན་ན་མཚན་མོར་ཆུ་ཡིས་མ་འདང་བར་ཁྲག་ཤེད་ལ་འཕར་ལྡིང་འབྱུང་བ་སྔོན་འགོག་བྱེད་ནུས། ཡིན་ནའང་། ཉལ་ཁའི་ཆུ་ཚོད་ཕྱེད་ཀའི་རིང་དང་། མཚན་གུང་གཉིད་ལས་སད་དུས་གཉིས་ལ་ཆུ་མང་པོ་འཐུང་མི་རུང་སྟེ། དེ་ལྟར་བྱས་ན་གཅིན་མང་དུ་འབབ་པས་གཉིད་དང་ཁྲག་ཤེད་ལ་གནོད་པ་ཡོད།

ཆུ་འཐུང་བ་ལ་མཉམ་འཇོག་དགོས་པ་གསུམ་ཡོད།

ཁྲག་ཤེད་མཐོ་བའི་ནད་པས་འགུལ་སྐྱོད་དྲག་པོ་བྱས་རྗེས་སམ་རྔུལ་ཆུ་མང་དུ་ཐོན་རྗེས་ལམ་སང་ཆུ་འཁྱག་མང་པོ་འཐུང་བ་ནི་མི་རུང་ལ། ཟས་ཀྱི་ནང་དུ་ཆུ་མང་བའི་ཟས་རིགས་ཚད་དང་རན་པར་བསྲེ་དགོས་ཏེ། དཔེར་ན་སིལ་ཏོག་དང་སྔོ་ཚལ་གྱི་རིགས་སོགས་ལྟ་བུ། དུས་ཚོད་ངེས་གཏན་ནང་ཁྲག་ཤེད་ཀྱི་འགྱུར་ལྡོག་ལ་བརྟག་དགོས་ཤིང་། ཆུ་ཇི་ལྟར་འཐུང་བའི་ཐབས་ཀྱང་ཁྲག་ཤེད་ཀྱི་འགྱུར་ལྡོག་དང་བསྟུན་ནས་གཏན་འཁེལ་བྱེད་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།