མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བཀོད་སྒྲིག་བྱས་ཏེ་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2024.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   སྨན་བཅོས་ཞབས་ཞུ་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ།  ནད་རིགས་སྔོན་འགོག་ཚོད་འཛིན་བཅས་ནུས་ལྡན་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་།   ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་ཆེད།  ཉེ་ལམ།  ཞིང་ཆེན་ནོར་སྲིད་ཐིན་གྱིས་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ།   སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་བཀོལ་བར་མ་ཟད།   རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར།  གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ནོར་སྲིད་ཁ་གསབ་ཚད་གཞི་དེ་ལོ་རེར་ཆ་སྙོམས་ཀྱིས་སྒོར་གོ་བཞིོའི་ཇེ་མཐོར་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   ཆེད་སྤྱོད་མ་དངུལ་དེ་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་རྒྱ་ཆེར་གཏོང་བ། དེ་མིན་ཨེ་ཛི་ནད་དང་གློ་བའི་འདུས་འདྲིལ་ནད།   ཐུམ་འབུའི་ནད་བཅས་ཀྱི་འགོག་བཅོས་སོགས་ཀྱི་ཐད་བཀོལ་རྒྱུ་ཡིན་པ་དང་།   ལས་གཞི་ལག་བསྟར་བྱས་པ་དེས་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་བ་དང་སྨན་བཅོས་སྡེ་ཁག་གི་འགོས་ནད་འགོག་བཅོས་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ཕན་པ་བསྐྲུན་ཐུབ།

སྤྱི་བའི་འཕྲོད་བསྟེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་མ་དངུལ་དགོས་མཁོར་འགན་སྲུང་བྱེད་ཆེད།   ད་ལོའི་ཚུན་ལ།  ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཅིག་བཏང་ནས་རིམས་འགོག་མ་ལག་གི་བཅོས་སྒྱུར་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་མཐོར་འདེགས་སོགས་ལས་འགན་གལ་ཆེན་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།

གོ་རིམ་རྗེས་མར།  ཞིང་ཆེན་ནོར་སྲིད་ཐིན་གྱིས་མུ་མཐུད་དུ་ད་ཡོད་ཀྱི་འཕྲོད་བསྟེན་བདེ་ཐང་མ་དངུལ་གཅིག་གྱུར་བེད་སྤྱོད་བཟང་པོ་བྱེད་པ་དང་།   ལས་གཞིའི་གྲོན་དངུལ་བགོ་བཤའ་བཟང་བོ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ནོར་སྲིད་མ་དངུལ་བཀོད་སྒྲིག་གི་ཕན་འབྲས་མཐོར་འདེགས་གཏོང་བ་དང་།  གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་དོ་སྙོམས་ཅན་དང་རིམས་འགོག་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  མི་དམངས་མང་ཚོགས་ཀྱི་བདེ་ཐང་ཐད་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།