དོན་ཚན་བཅུ་བདུན་པ། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ཚ་རྒྱས་པའི་ནད་པར་སྔོན་ལ་བརྟག་དཔྱད་དང་ཁག་བགོས་བརྟག་དཔྱད། ཐོག་མའི་ནད་རྟགས་སྨན་པ་དཀའ་བཅུ་པའི་འགན་ཁུར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་ལ་མཐུན་སྦྱོར་བྱས་ཏེ་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་དང་འགོ་ནད་རིག་པའི་བརྟག་དཔྱད། མ་དཔེ་བསྡུ་རུབ། བྱི་རིམས་དོགས་ཡོད་ནད་པ་ལོགས་བཀར་སོགས་བྱ་བ་བཟང་བོར་བསྒྲུབ་དགོས།
དོན་ཚན་བཅོ་བརྒྱད་པ། ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་གིས་ བྱི་རིམས་གནས་ཚུལ་ལ་བརྡར་གཅོད་བྱས་རྗེས། དུས་ཚོད་གཉིས་ཀྱི་ནང་དུ་ས་གནས་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་དང་རིམ་པ་གོང་མའི་ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་ལ་ཡར་ཞུ་བྱེད་དགོས། ཡར་ཞུ་འབྱོར་བའི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་མྱུར་དུ་ས་གནས་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱེད་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་བྱི་རིམས་གནས་ཚུལ་ཐད་ཀྱི་ཆ་འཕྲིན་དུས་ཐོག་དང་ཡང་དག་པ། ཕྱོགས་ཡོངས་ནས་ཁྱབ་སྒྲོག་བྱེད་དགོས་པ་དང་། གླེང་ཕྱོགས་དོ་དམ་ཚོད་འཛིན་དང་སྣེ་ཁྲིད་ལ་ཤུགས་སྣོན་དགོས།
དོན་ཚན་བཅུ་དགུ་པ། སྡེ་ཁག་དང་མི་སྒེར་གང་རུང་གིས་བྱི་རིམས་དོགས་ཡོད་ནད་པ་ཡོད་པ་ཤེས་ཚེ། ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་དང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་ལ་མྱུར་དུ་ཡར་ཞུ་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་སྤྱི་བའི་འཕྲོད་བསྟེན་གྱི་ཁ་པར་ཨང་གྲངས་ཁྱབ་སྒྲོག་བྱེད་དགོས་པ་དང་། འབྲེལ་ཡོད་སྙན་ཞུའི་ཆ་འཕྲིན་དུས་ལྟར་དང་ལེན་དང་བརྟག་དཔྱད། ཐག་གཅོད་བྱེད་དགོས།
དོན་ཚན་ཉི་ཤུ་པ། བྱི་རིམས་འབྱུང་སའི་ས་གནས་དང་ནད་རིགས། ཁ་གྲངས། ཁྱབ་ཁོངས། འཕེལ་ཕྱོགས། དེ་མིན་སྤྱི་ཚོགས་ལ་གནོད་འཚེ་ཐེབས་ཚད་བཅས་ལ་དམིགས་ནས་བྱི་རིམས་གནས་ཚུལ་དེ་ཧ་ཅང་ཚབས་ཆེ་བ་དང་ཚབས་ཆེ་བ། ཅུང་ཚབས་ཆེ་བ། སྤྱིར་བཏང་བཅས་རིམ་པ་བཞིར་བགར་དགོས། བྱི་རིམས་གནས་ཚུལ་གྱི་རིམ་པ་བགར་བའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས། ཧ་ཅང་ཚབས་ཆེ་བའི་བྱི་རིམས་གནས་ཚུལ་ལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཁས་ལེན་བྱེད་དགོས། ཚབས་ཆེ་བའི་བྱི་རིམས་གནས་ཚུལ་ལ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཁས་ལེན་བྱེད་དགོས། ཅུང་ཚབས་ཆེ་བའི་བྱི་རིམས་གནས་ཚུལ་ལ་གྲོང་ཁྱེར་དང་ཁུལ་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཁས་ལེན་བྱེད་དགོས། སྤྱིར་བཏང་གི་བྱི་རིམས་གནས་ཚུལ་ལ་རྗོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཁས་ལེན་བྱེད་དགོས།
དོན་ཚན་ཉེར་གཅིག་པ། བྱི་རིམས་བྱུང་རྗེས། རིམས་ནད་བྱུང་སའི་ས་ཁུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་རྩ་འཛུགས་བྱས་ཏེ་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱེད་དགོས་པ་དང་། གཤམ་གྱི་བྱེད་ཐབས་ལག་བསྟར་བྱེད་དགོས་པར་མ་ཟད། ཁྱབ་སྒྲོག་བྱེད་དགོས། གཅིག འཕྲལ་བསྟུན་ཐག་གཅོད་བཀོད་འདོམས་པུའུ་བཙུགས་ནས་དགོས་ངེས་རིམ་པའི་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱེད་དགོས། གཉིས། ཁྲིམས་ལྟར་འགོག་སྡོམ་ཁུལ་ཁོངས་དབྱེ་འབྱེད་བྱེད་དགོས། གསུམ། མི་སྣ་དང་དངོས་ཟོག འགྲིམ་འགྲུལ་ཡོ་བྱད། འབྲེལ་ཡོད་སྒྲིག་ཆས་བཅས་བསྡུ་རུབ་བྱེད་དགོས། བཞི། ཁྲིམས་ལྟར་དབྱེ་འབྱེད་བྱས་པའི་འགོག་སྡོམ་ཁུལ་ཁོངས་སུ་ལས་མཚམས་འཇོག་པ་དང་སློབ་ཁྲིད་བྱེད་མཚམས་འཇོག་དགོས། ལྔ། ཚོང་འདུས་དང་འདུ་ཚོགས། མི་མང་པོ་འདུ་འཛོམས་བྱེད་སའི་བྱ་འགུལ་མཚམས་འཇོག་པའམ་ཚོད་འཛིན་བྱེད་དགོས། དྲུག བྱི་རིམས་བྱུང་བའི་གནས་སུ་ལོགས་བཀར་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་། བྱི་རིམས་ནད་པར་འབྲེལ་འདྲིས་བྱས་པའི་མི་རྣམས་རྩད་ཞིབ་བྱས་ཏེ། བྱི་རིམས་ནད་པ་དང་དོགས་ཡོད་ནད་པར་ལོགས་བཀར་དང་ལྟ་ཞིབ། གསོ་བཅོས་བྱེད་དགོས་ལ། འབྲེལ་འདྲིས་དམ་ཟབ་བྱུང་བའི་མི་སྣར་གཅིག་བསྡུས་དང་ཡང་ན་རང་ཁྱིམ་ནས་གསོ་རིག་ལྟ་ཞིབ་བྱེད་དགོས། བདུན། བྱི་རིམས་ཀྱི་འགྲིམ་འགྲུལ་ཞིབ་བཤེར་བྱ་བ་ལག་བསྟར་བྱེད་དགོས། བརྒྱད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་གཏན་འཁེལ་བྱས་པའི་བྱེད་ཐབས་གཞན་པ་ལག་བསྟར་བྱེད་དགོས། འཕྲལ་བསྟུན་བྱེད་ཐབས་ལེགས་སྒྲིག་དང་མེད་པར་གཏོང་བའི་བྱ་བ་དེ་སྔོན་གྱི་ཆོད་དོན་ལས་ཁུངས་ཀྱིས་ཐག་གཅོད་དང་ཁྱབ་སྒྲོག་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།