རང་ཞིང་གི་གཞུང་སྒྲུབ་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་འཕེལ་རྒྱས་ཐད་གྲུབ་འབྲས་བཟང་བོ་ཐོབ།
2024.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།    རང་ཞིང་གིས་གཞུང་སྒྲུབ་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་འཁོར་སྐྱོད་སྒྲིག་གཞིའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ།   མང་ཚོགས་ཀྱི་ནད་སྟོན་དཀའ་བ་དང་སྨན་རིན་དཀའ་བ། ལམ་ཐག་རིང་བ་སོགས་ཀྱི་གནད་དོན་ཐག་བཅད་པ་དང་སྨན་བཅོས་བཅོས་སྒྱུར་གྱི་བྱེད་ཐབས་སོ་སོར་གྲུབ་འབྲས་བཟང་བོ་བླངས།

སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་བ་དང་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་བཙུགས་པར་མ་ཟད་འཁོར་སྐྱོད་བྱས་ཤིང་།   ཡོན་ཧྲི་བཞི་དང་རྒྱལ་ནང་གི་མཐོ་སྒང་གི་ནད་སོགས་ཀྱི་སྨན་བཅོས་ཆེད་མཁས་པ་ཞེ་བདུན་གྱིས་གྲུབ་པའི་ཆེད་མཁས་པའི་རུ་ཁག་བཙུགས་ཏེ།   མཐོ་སྒང་གི་ནད་གསོ་བཅོས་དང་མཐོ་སྒང་གི་ནད་ཐོག་སྨན་བཅོས་ལག་རྩལ།   མཐོ་སྒང་གི་ཁམས་གསོ་སོགས་ཀྱི་ཐད་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་བླངས།   རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་སོགས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་པ་དང་།   ལག་རྩལ་གསར་པ་དང་ལས་གཞི་གསར་པ་དོན་ལྔ་ནང་འདྲེན་བྱས་ཏེ་མི་ཐེངས་འབུམ་གསུམ་དང་ཁྲི་དྲུག་སྟོང་གཉིས་བརྒྱ་ལ་སྨན་བཅོས་བྱས་པ་དང་།  དཀའ་གནད་ཆེ་བའི་གཤགས་བཅོས་ཐེངས་ཁྲི་གཅིག་སྟོང་བཞི་བྱས།   དེ་མིན།   ཞིང་ཆེན་ནང་ཁུལ་གྱི་ཁུལ་ཁོངས་བར་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་མཉམ་བཀོད་སྒྲིག་བྱས་ཏེ་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཞིང་ཆེན་རིམ་པའི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་གསུམ་འཛུགས་སྐྲུན་བྱས་ནས་ཞིང་ཆེན་ནང་ཁུལ་དུ་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ཅུང་དྲག་པའི་སྨན་བཅོས་ལྟེ་གནས་གྲུབ་པར་བྱས།   ཞིང་ཆེན་རིམ་པའི་སྨན་ཁང་བཞི་དང་རྒྱལ་ཁབ་རིམ་པའི་སྨན་ཁང་བཞིའི་བར་མཐུན་སྦྱོར་འབྲེལ་བ་བཙུགས་ཏེ་ཆུ་ཚད་མཐོ་བའི་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།  སྐྲན་ནད་དང་ཀླད་སྙིང་ཁྲག་རྩའི་ནད་སོགས་གཙོར་བཟུང་ནས་ལག་རྩལ་ཐད་མཁྲེགས་གཏོར་བྱས་པ་དང་།   རྨང་གཞིའི་ཞིབ་འཇུག་དང་ནད་ཐོག་བེད་སྤྱོད་ཚུལ་སྒྱུར་ལ་སྐུལ་འདེད་བཏང་སྟེ་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ལག་རྩལ་འཕེལ་རྒྱས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་།

དམ་ཚགས་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱི་གཟུགས་འཛུགས་སྐྲུན་བྱེད་རྒྱུ་གཙོར་བཟུང་ནས་དུས་སྐབས་སྔོན་མར་ཕྱོགས་ཡོངས་ལ་ཁེབས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱི་གཟུགས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་།   སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱི་གཟུགས་ནང་ཀྱི་སྲིད་འཛིན་ཞབས་ཞུ་དང་མི་ཤུགས་ཐོན་ཁུངས།   ནོར་སྲིད།   ལས་སྒོ།   སྨན་བཀོལ།   ཆ་འཕྲིན།   སྨན་བཅོས་འགན་སྲུང་སོགས་གཅིག་གྱུར་དོ་དམ་གྲུབ་པར་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱི་གཟུགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།