ལུས་ཕུང་བརྟག་དཔྱད་བྱེད་ན་ནད་ཀྱི་གནས་དང་ངོ་བོར་གཞིགས་ནས་དེ་མཐུན་གྱི་བརྟག་ཐབས་བསྟེན་ན་ལེགས།
2024.09.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

མི་རྣམས་ཀྱིས་རྒྱུན་པར་ལུས་ཕུང་བརྟག་དཔྱད་བྱེད་པ་ནི་ལུས་ཡོངས་ལ་ཞིབ་བཤེར་བྱེད་པ་ཡིན་པས། ངེས་པར་དུ་ལུས་ཕུང་བརྟག་དཔྱད་བྱེད་པར་མཐོང་ཆེན་བྱེད་དགོས་པར་འདོད། ཡིན་ཡང་ང་ཚོས་ཤེས་དགོས་པ་ཞིག་ལ། རྒྱུན་སྲོལ་གྱི་ལུས་ཕུང་བརྟག་དཔྱད་ནང་ཡོད་ཚད་འདུས་པའང་མིན་ཏེ། ནད་གློ་བུར་དུ་འཕར་ཏེ་མགྱོགས་པོར་ཇེ་སྡུག་ཏུ་འགྲོ་བའི་སྐོར་ལ། རྒྱུན་སྲོལ་གྱི་ལུས་ཕུང་བརྟག་དཔྱད་ཀྱིས་ནུས་པ་ཆེན་པོ་ཐོན་མི་ཐུབ།

ལུས་ཕུང་བརྟག་དཔྱད་བྱེད་པ་ལས་སྤྱིར་བཏང་མཆིན་པ་ཚིལ་འགྱུར་དང་ཁྲག་ཤེད་མཐོ་བའི་ནད། གཅིན་སྙི་ཟ་ཁུའི་ནད། ཁྲག་ཚིལ་ཚུལ་མིན་གྱི་སྣང་ཚུལ་སོགས་དང་། ལོང་གའི་ཤ་འཛེར་དང་གློ་བ་དང་ཨོལ་གོང་གཤེར་རྨེན་གྱི་ནད་སོགས་ཀྱི་ནད་རྟགས་མཐོང་ཐུབ། ནད་གཞི་དེ་དག་ལ་དུས་ཡུན་རིང་བོར་ལུགས་མཐུན་གྱིས་སྨན་བཅོས་མ་བྱས་ན་ལུས་ཕུང་བདེ་ཐང་ལ་གནོད་འཚེ་བཟོ་སྲིད་པས།   ལུས་ཕུང་བརྟག་དཔྱད་བྱས་ན་ནད་དེ་དག་སྔ་མོ་ནས་ངོས་འཛིན་པར་གྲོགས་བྱེད་ཐུབ།

སྤྱིར་བཏང་ལོ་བཞི་བཅུའི་མན་གྱི་མིས་ལུས་ཕུང་བརྟག་དཔྱད་ཐེངས་མང་པོ་བྱེད་མི་དགོས། ལོ་གཉིས་ནས་གསུམ་ལ་ཐེངས་རེ་བརྟག་པས་ཆོག་པ་ཡིན། ལོ་བཞི་བཅུའི་ཡན་གྱི་མིས་ལོ་རེར་ལུས་ཕུང་བརྟག་དཔྱད་ཐེངས་རེ་བྱས་ན་འོས་ཤིང་འཚམ་པ་ཡིན།

ཚན་རིག་དང་མཐུན་པའི་སྒོ་ནས་ཕུང་ལུང་བརྟག་དཔྱད་བྱེད་པ་ནི་རང་སོ་སོའི་གནས་ཚུལ་ལྟར་བརྟག་དཔྱད་བྱེད་དགོས།  དཔེར་ན།  རྒྱུན་སྲོལ་གྱི་བརྟག་དཔྱད་རྣམ་གྲངས་ཁྲག་དང་གཅིན་གྱི་བརྟག་དཔྱད།  ཁྲག་ཤེད་དང་ལྗིད་ཚད་འཇལ་བ། གློ་སྙིང་ལ་ཉན་པ། སྙིང་གི་ཚོན་རིས་སྒྲ་བརྒལ་སོགས་བརྟག་དཔྱད་བྱེད་དགོས། གཞན་ད་རུང་ཐ་མག་འཐེན་པའི་གོམས་གཤིས་ཡོད་ན་བྲང་ཁོགCTལ་བརྟག་པ་དང་། བུད་མེད་ལ་མོ་ནད་ཀྱི་བརྟག་དཔྱད་དང་ནུ་རྨེན་གྱི་བརྟག་དཔྱད་བྱེད་དགོས་པ་ལྟ་བུའོ། །

མི་མང་པོ་ཞིག་གིས་འབྲས་སྐྲན་གྱི་སྟོན་གྲངས་ལ་བརྟེན་ནས་སྐྲན་ནད་ལ་ཚགས་བཤེར་བྱེད་ཆོག་པར་སྙམ་བཞིན་ཡོད། དོན་གྱིས་སྟོན་གྲངས་དེ་དག་ནི་སྐྲན་ནད་ཀྱི་བརྟག་ཐབས་མཆོག་ཤོས་མིན་ཏེ། སྟོན་གྲངས་དེ་དག་ཐད་ཀར་ནད་གཞི་ངོས་འཛིན་བྱེད་པའི་རྟགས་མཚན་དུའང་མི་རུང་། རྒྱུ་མཚན་ནི་སྟོན་གྲངས་རྒྱུན་ལྡན་དུ་གནས་ཀྱང་སྐྲན་ནད་བྱུང་ཡོད་པ་དང་། ཡང་ན་སྟོན་གྲངས་རྒྱུན་ལྡན་མིན་ཡང་སྐྲན་ནད་མེད་པ་ལྟ་བུའི་གནས་ཚུལ་ཡང་མཐོང་དུ་ཡོད། དེ་བས་འབྲས་སྐྲན་གྱི་སྟོན་གྲངས་ལ་བརྟེན་ནས་སྐྲན་ནད་ལ་ཚགས་བཤེར་བྱེད་པ་དེ་ནི་སྐྲན་ནད་ངོས་འཛིན་བྱེད་ཀྱི་གཞོགས་འདེགས་ཙམ་ཡིན་ལ། བརྙན་རིས་བརྟག་དཔྱད་སོགས་ཀྱི་མཇུག་འབྲས་དང་བསྡུར་ནས་དཔྱད་དགོས། དེ་བས། སྐྲན་ནད་ལ་བརྟག་དཔྱད་བྱེད་ན། ནད་ཀྱི་གནས་དང་ངོ་བོར་གཞིགས་ནས་དེ་མཐུན་གྱི་བརྟག་ཐབས་བསྟེན་ན་ལེགས།  དཔེར་ན། བྲང་ཁོགCTཡིས་གློ་སྐྲན་ལ་བརྟག་པ་ལྟ་བུ་དང་། བཤང་བ་ལ་བརྟག་པ་དང་ཕོ་ཤེལ་གྱིས་བརྟག་པ་བརྒྱུད་དེ་ཕོ་རྒྱུའི་སྐྲན་ནད་ངོས་འཛིན་པ་ལྟ་བུ།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།