ང་ཚོ་སྐྱེས་མ་ཐག་པའི་དུས་སུ། ཁྲག་རྩ་ནི་ཆུ་སྦུག་གསར་པ་ཞིག་དང་འདྲ་བར། འཇམ་ཞིང་མཉེན་ལ། མཉེན་ཚད་འོས་ཞིང་འཚམ་པ་ཞིག་ཡིན་མོད། འོན་ཀྱང་དུས་ཡུན་རིང་བོ་འགོར་རྗེས། འཕར་རྩ་སྲ་འགྱུར་གྱི་ནད་འབྱུང་སྲིད།
ཁྲག་རྩའི་ཉེན་བརྡའི་སྐོར།
འཕར་རྩ་སྲ་འགྱུར་ནི་རྒྱུན་མཐོང་གི་ནད་ཅིག་ཡིན། དེ་ཚད་ངེས་ཅན་ཞིག་ལ་སླེབས་རྗེས། ཁྲག་རྩ་ཇེ་དོག་ནས་ཇེ་དོག་ཏུ་གྱུར་ཏེ་ཁྲག་རྒྱུན་རྒྱུ་དཀའ་བའི་སྐབས་སུ། མི་བདེ་བའི་ནད་རྟགས་མང་པོ་འབྱུང་སྲིད།
སྙིང་གཟེར་ནི་འཕར་རྩ་སྲ་འགྱུར་ལས་བྱུང་བའི་དཔེ་མཚོན་གྱི་གནད་དོན་ཞིག་ཡིན། སྙིང་གི་པྲོག་དབྱིབས་འཕར་རྩ་ཇེ་དོག་ཏུ་གྱུར་རྗེས། ཁྲག་རྒྱུན་རྒྱུ་དཀའ་བར་གྱུར་ནས། སྙིང་ཤར་ཁྲག་མི་འདང་བས། ནད་པའི་བྲང་ཁར་ན་ཟུག་སྐྱེ་སྲིད།
གལ་ཏེ་པྲོག་དབྱིབས་འཕར་རྩ་ཇེ་དོག་ཏུ་གྱུར་བའམ་ཡང་ན་གློ་བུར་དུ་འགག་པའི་སྣང་ཚུལ་བྱུང་ཚེ། མྱུར་བའི་རང་བཞིན་གྱི་སྙིང་རྩ་འགག་པའི་ནད་འབྱུང་སྲིད་པར་མ་ཟད། ཐ་ན་ཚེ་སྲོག་ལའང་ཉེན་ཁ་འབྱུང་སྲིད།
མཇིང་བའི་འཕར་རྩ་ཇེ་དོག་ཏུ་གྱུར་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཚེ། ཀླད་པར་ཁྲག་མཁོ་འདོན་བྱེད་མི་ཐུབ་པས། མགོ་ཡོམ་འཁོར་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།
གལ་ཏེ་ཀླད་པའི་ཁྲག་རྩ་མ་གཞི་ནས་ཇེ་དོག་ཏུ་གྱུར་ཚེ། ཀླད་པར་ཁྲག་མཁོ་འདོན་བྱས་པ་མི་འདང་བའི་སྣང་ཚུལ་འབྱུང་སྲིད་པ་དང་། ནད་པ་ཡང་མོར་གཅིག་འདས་རང་བཞིན་གྱི་ནད་རྟགས་འབྱུང་སྲིད་ལ། ཚབས་ཆེ་ན་ཀླད་རྩ་འགག་པའི་ཉེན་ཁ་ཡོད།
གལ་ཏེ་རྒྱུན་པར་རྐང་བ་འཁྱག་པ་དང་སྦྲིད་པ། རྒན་པ་རྣམས་རྐང་ཐང་དུ་འགྲོ་དུས་རྐང་ངར་གྱི་ཤ་གནད་ན་བ་དང་ངལ་གསོ་ཅུང་ཙམ་བྱས་རྗེས་ན་ཟུག་ཅུང་ལྷོད་པ་སོགས་ཀྱི་ནད་རྟགས་ནི་ལོ་ན་ཇེ་ཆེར་འགྲོ་བའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད་བསམ་མི་རུང་། དེ་དག་འཕར་རྩ་སྲ་འགྱུར་ལས་བྱུང་བའི་ཁྲག་རྩ་དོག་འགག་དང་འབྲེལ་བ་ཡོད་སྲིད།
རྐང་པའི་འཕར་རྩ་སྲ་འགྱུར་དང་ཇེ་དོག་ཏུ་གྱུར་ན། རྐང་པར་ཁྲག་གིས་མི་འདང་བར་ནད་པར་ན་ཟུག་འབྱུང་སྲིད་པ་དང་། ལྷག་པར་དུ་འགུལ་སྐྱོད་བྱེད་སྐབས་ན་ཟུག་ཇེ་ཆེར་འགྲོ་སྲིད། དེ་ལ་མཚམས་ལྡན་འཐེང་འགྲོས་ཟེར། གལ་ཏེ་འཕར་རྩ་སྲ་འགྱུར་དེ་ཚབས་ཇེ་ཆེར་སོང་ན། རྐང་པའི་ཁྲག་རྩ་ཇེ་དོག་དང་འགག་པའི་སྣང་ཚུལ་འབྱུང་སྲིད་ལ། ཐ་ན་རྐང་པ་ཞ་བོར་འགྱུར་བའི་ཉེན་ཁའང་ཡོད།
ད་རུང་མཉམ་འཇོག་བྱེད་དགོས་པ་ཞིག་ལ། དུས་རྒྱུན་དུ་རྐང་པར་རྩ་འཐེན་བྱུང་ནའང་སེམས་ཆུང་བྱེད་དགོས་ཏེ། ཀལ་མ་འདང་བ་ལས་གཞན། འཕར་རྩ་སྲ་འགྱུར་དང་ཡང་ན་ཁྲག་རེང་འབྱུང་བའི་སྐབས་སུའང་། རྐང་ངར་སྦྲིད་པ་དང་ན་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད།
ཁྲག་རྩར་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ཟེར་ན།
འགུལ་སྐྱོད་མང་དུ་བྱེད་དགོས། འགུལ་སྐྱོད་བྱས་ན། ཁྲག་རྩའི་འཁོར་སྐྱོད་ལ་སྐུལ་སྤེལ་བྱས་ཏེ་ལུས་སྟེང་གི་སྙིགས་རོ་ཕྱིར་ཕུད་པར་རོགས་རམ་བྱེད་ཐུབ། མི་མང་པོ་ཞིག་འགུལ་སྐྱོད་བྱེད་རྒྱུར་མི་དགའ་བར་བཙོག་ནས་འདུག་རྒྱུར་དགའ་བས། དེ་ལས་ཁྲག་གི་འཁོར་སྐྱོད་ཇེ་དལ་དུ་འགྲོ་སྲིད་པ་དང་། ཁྲག་རྩའི་ནང་གི་སྙིགས་རོ་ཕྱིར་ཕུད་དཀའ་བས། ཁྲག་རྩ་འགག་པའི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་ངེས། དེ་བས། ཉིན་རེར་གོམ་པ་སྟོང་དྲུག་ལ་རྐང་ཐང་དུ་འགྲོ་བ་དང་། གཟའ་འཁོར་རེར་ཉུང་མཐར་ཡང་ཉིན་ལྔ་ལ་འགུལ་སྐྱོད་བྱེད་དགོས། གལ་ཏེ། ཆ་རྐྱེན་ཡོད་ན། གཟའ་འཁོར་རེར་ཉིན་གཉིས་ནས་གསུམ་ལ་འོས་འཚམ་གྱིས་ཚད་མཐོ་བའི་དབྱང་ལྡན་འགུལ་སྐྱོད་བྱེད་དགོས།
དུ་ཆང་བསྟེན་མི་རུང་། ཐ་མག་དང་ཆང་བཅུད་ཀྱིས་མིའི་ལུས་སྟེང་གི་ཚིལ་བརྗེ་ཚབ་ལ་གནོད་པ་བཟོས་ཏེ་འཕར་རྩ་སྲ་འགྱུར་གྱི་ནད་འབྱུང་བའི་ཉེན་ཁ་ཆེ་རུ་གཏོང་སྲིད། ལྷག་པར་དུ་དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པར་མཚོན་ན། ཆང་འཐུང་མི་རུང་། དར་མ་རྣམས་ཀྱིས་ཆང་འཐུང་ནའང་། ཉིན་གཅིག་ལ་འཐུང་བའི་ཆང་བཅུད་ཀྱི་ཚད་དེ་ཁེ་བཅོ་ལྔ་ལས་བརྒལ་མི་རུང་།
ཞག་ཚིལ་ཉུང་བའི་བཟའ་བཏུང་བསྟེན་དགོས། ཞག་ཚིལ་ཉུང་བའི་བཟང་བཏུང་ཟེར་བ་དེ་སྣུམ་དང་ཚིལ་མེད་པའི་དོན་མ་ཡིན་ལ། ཟ་མ་གཡོས་སྦྱོར་བྱེད་སྐབས་ཚྭ་མི་བཀོལ་བའང་མ་ཡིན་པར། དེ་ནི་ཚྭ་དང་ཀ་ར། ཁ་ཚ་སོགས་བྲོ་བ་ཆེ་བའི་བྲོ་རྫས་ཉུང་ཙམ་ལྡུག་པ་དེ་ཡིན། དར་མ་རྣམས་ཀྱིས་ཉིན་རེའི་ཚྭ་བསྡུ་ལེན་བྱེད་ཚད་དེ་ཁེ་ལྔ་ལས་བརྒལ་མི་རུང་། ཀ་ར་བསྡུ་ལེན་བྱེད་ཚད་ལ་ཚོད་འཛིན་བྱེད་དགོས་ཏེ། ཉིན་རེར་ཁེ་ལྔ་བཅུ་ལས་བརྒལ་མི་རུང་བ་དང་། རབ་ཡིན་ན་ཁེ་ཉེར་ལྔའི་མན་དུ་ཚོད་འཛིན་བྱེད་དགོས།
འཚོ་བཅུད་ཕུན་སུམ་ཚོགས་ཤིང་ལུགས་མཐུན་གྱི་བཟའ་བཏུང་སྤྱད་ན་ཁྲག་རྩ་སྲུང་སྐྱོབ་བྱེད་པར་ཕན་པ་རེད། སྤྱིར་ང་ཚོའི་ཉིན་རེའི་བཟའ་བཅའི་ནང་འབྲུ་རིགས་དང་ཞོག་ཁོག་གི་རིགས། སྔོ་ཚལ་དང་སིལ་ཏོག ཤ་ཡི་རིགས། སྒོང་ང་། འོ་མ། སྲན་རིགས་སོགས་འདུ་འོས།
ཉིན་རེར་འབྲུ་རིགས་སྐོར་གྱི་བཟའ་བཅའ་ཁེ་ཉིས་བརྒྱ་ནས་སུམ་བརྒྱའི་བར་ཟ་དགོས། དེ་མིན། སྔོ་ཚལ་གསར་པ་ཁེ་སུམ་བརྒྱའི་ཡན་དང་། སིལ་ཏོག་གསར་པ་ཁེ་ཉིས་བརྒྱ་ནས་སུམ་བརྒྱ་དང་ལྔ་བཅུའི་བར་བཟའ་དགོས། ཉ་དང་སྒོང་ང་། ཤ་སྣག་སོགས་ཉིན་རེར་ཆ་སྙོམས་ཀྱིས་ཁེ་བརྒྱ་དང་ཉི་ཤུ་ནས་ཉིས་བརྒྱའི་བར་ཟ་དགོས། ཉིན་རེར་སྒོང་ས་གཅིག་ཟ་དགོས།
དེར་མ་ཟད། དགོང་མོར་དུས་ལྟར་གཉིད་དགོས། གལ་ཏེ་དུས་ལྟར་མ་གཉིད་ན། ཁྲག་གི་འཁོར་སྐྱོད་དལ་བར་མ་ཟད། ནུར་ཚད་ཇེ་ཆེར་འགྲོ་སྲིད་ལ། ཁྲག་རྩ་སྲ་འགྱུར་དང་འགག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།
ད་རུང་། གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས། བྱ་བའི་གནོན་ཤུགས་ཅུང་ཆེ་བའི་མི་ལ་འཕར་རྩ་སྲ་འགྱུར་འབྱུང་བའི་ཉེན་ཁ་ཆེ་བ་རེད།
ལུས་པོའི་ལྗིད་ཚད་འོས་འཚམ་གྱིས་ཚོད་འཛིན་བྱེད་དགོས། ལུས་པོ་ཚོ་དྲག་ན་ཀླད་སྙིང་ཁྲག་རྩའི་ནད་དང་འཕར་རྩ་སྲ་འགྱུར་སོགས་ཀྱི་ནད་འབྱུང་སྲིད། ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བྱས་ན་ཁྲག་རྩའི་ནུས་པ་ལེགས་བཅོས་བྱེད་པར་ཕན་པ་ཡོད།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།