དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས། འཕྱི་བ་སོགས་བྱི་རིམས་ཀྱི་ནད་དུག་ཡོད་པའི་སྲོག་ཆགས་ཀྱི་རིགས་ལ་ཁ་ཟས་སྟེར་མཁན་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་རྒྱ་གཏོང་དགོས་པ་དང་ཉེན་བརྡ་གཏོང་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། སྒོར་ཉིས་བརྒྱའི་ཡན་དང་སྒོར་སྟོང་གཅིག་གི་མན་གྱི་ཆད་པ་གཅོད་དགོས།
དོན་ཚན་སོ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས། འཕྱི་བ་སོགས་བྱི་རིམས་ཀྱི་ནད་དུག་ཡོད་པའི་སྲོག་ཆགས་དང་དེའི་ཐོན་རྫས་འགྲེམ་སྟོན་བྱེད་མཁན་ལ་རྗོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་རྒྱ་གཏོང་དགོས་པ་དང་། འཕྱི་བ་སོགས་བྱི་རིམས་ཀྱི་ནད་དུག་ཡོད་པའི་སྲོག་ཆགས་དང་དེའི་ཐོན་རྫས་གཞུང་བཞེས་བྱེད་དགོས་པར་མ་ཟད། སྒོར་སྟོང་ལྔའི་ཡན་དང་སྒོར་ཁྲི་གསུམ་མན་གྱི་ཆད་པ་གཅོད་དགོས།
དོན་ཚན་སོ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་འཕྱི་བ་སོགས་བྱི་རིམས་ཀྱི་ནད་དུག་ཡོད་པའི་སྲོག་ཆགས་དང་དེའི་ཐོན་རྫས་ཟ་མཁན་ལ་རྗོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་རྩྭ་དང་ཡང་ན་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་ལྟར་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་ནས་འཕྱི་བ་སོགས་བྱི་རིམས་ཀྱི་ནད་དུག་ཡོད་པའི་སྲོག་ཆགས་དང་དེའི་ཐོན་རྫས་གཞུང་བཞེས་བྱེད་དགོས་པར་མ་ཟད། སྒོར་སྟོང་གཉིས་ཀྱི་ཡན་དང་ཁྲི་གཅིག་གི་མན་གྱི་ཆད་པ་གཅོད་དགོས།
དོན་ཚན་སོ་དྲུག་པ། གཞུང་སྒྲུབ་མི་སྣར་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་རང་འགན་སྣང་མེད་དུ་སྐྱུར་བ་དང་དབང་ཆ་གང་འདོད་དུ་བཀོལ་བ། སྒེར་དོན་དུ་ཁྲིམས་འགལ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོད་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ནག་ཉེས་བྱ་སྤྱོད་གྲུབ་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།
དོན་ཚན་སོ་བདུན་པ། སྲོལ་ཡིག་འདིའི་ཁྲོད་ཀྱི་མིང་ཚིག་འགའི་ནང་དོན། གཅིག བྱི་རིམས་རང་བཞིན་དུ་བྱུང་ས། དེ་ནི་སྲོག་ཆགས་ཀྱི་བྱི་རིམས་ནད་དུག་ཡུན་རིང་ལ་གནས་ས་དང་འགོ་བའི་ས་ཁུལ་ལ་ཟེར། གཉིས། བྱི་རིམས་ནད་དུག་ཡོད་པའི་སྲོག་ཆགས། དེ་ནི་དུས་ཡུན་རིང་བོར་བྱི་རིམས་ནད་དུག་ཉར་འཇོག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པའི་སྲོག་ཆགས་ཏེ། འཕྱི་བ་དང་མཚོ་སྔོན་གྱི་བྱི་ལོང་སོགས་ལ་ཟེར། གསུམ། འཕྲོད་བསྟེན་ཐག་གཅོད། དེ་ནི་དུག་སེལ་དང་འབུ་གསོད། ཨ་བྲ་གསོད་པ་སོགས་འཕྲོད་བསྟེན་བྱེད་ཐབས་དང་དེ་མིན་ལོགས་བཀར་དང་ཡུལ་དངོས་ཞིབ་བཤེར་སོགས་གསོ་རིག་བྱེད་ཐབས་ལ་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།