ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་འགོག་ཐབས།
2024.09.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

ད་སྐབས་ནི་ཆར་ཆུ་མོད་པའི་དུས་ཡིན་པས་ཆུ་ལོག་ཤིན་ཏུ་འབྱུང་སླ་བ་རེད། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་སླ་བ་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ནས་ནད་གཞི་སྣ་ཚོགས་མཆེད་སྲིད། ཆུ་ལོག་ཐོན་དུས་ང་ཚོས་ཁྱིམ་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ལ་འཕྲད་ཚེ། རང་ཉིད་དང་གཉེན་ཉེའི་ཚེ་སྲོག་བདེ་འཇགས་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ།

གཅིག སྔོན་འགོག་ཇི་ལྟར་བྱེད་དགོས་ཞེ་ན།

1.དུས་དང་རྣམ་པ་ཀུན་ཏུ་ས་གནས་དེ་གའི་གསར་འགྱུར་དང་གནམ་གཤིས་སྔོན་བརྡ་ལ་དོ་སྣང་བྱས་ཏེ་གློག་དང་ཆུ། འབར་རླངས་བཅས་ལ་མཉམ་འཇོག་བཟང་པོ་བྱེད་དགོས། ཆུ་ལོག་གི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་འབྱོར་རྗེས་བཟའ་བཅའ་དང་གྱོན་ཆས། འཐུང་ཆུ། འཚོ་བའི་ཉེར་མཁོའི་དངོས་རྫས། དགོས་ངེས་ཀྱི་སྨན་བཅོས་མཁོ་ཆས་སོགས་གྲ་སྒྲིག་བྱེད་དགོས་ཤིང་། ཁྱིམ་ཚང་གི་དངོས་པོ་རྩ་ཆེན་བདག་སྲུང་ཡག་པོ་བྱེད་དགོས།

2.བེད་སྤྱོད་བྱེད་ཐུབ་པའི་འཕྲིན་གཏོང་སྒྲིག་ཆས་ཉར་ཚགས་ཡག་པོ་བྱེད་དགོས། ལག་སྒྲོན་དང་མེ་ཆ། ལྭ་བ་མདོག་ཆེན་སོགས་བརྡ་རྟགས་སུ་སྤྱོད་ཆོག་པའི་དངོས་རྫས་བསྡུ་རུབ་བྱས་ཏེ་རོགས་སྐྱོབ་འཐོབ་པར་གྲ་སྒྲིག་ཡག་པོ་བྱེད་དགོས།

3.གལ་ཏེ་ཉེན་གཡོལ་བྱེད་དུ་འགྲོ་དགོས་ན། མ་མཐའ་ཡང་ལུས་ལ་འཁྱེར་ཆོག་པའི་མཁོ་དངོས་ཁུག་མ་ཞིག་གྲ་སྒྲིག་བྱེད་དགོས་པ་དང་། མཁོ་དངོས་ཁུག་མའི་ནང་གི་དངོས་ཟོག་ཁྱིམ་ཚང་མི་འདྲ་བའི་ཁོངས་མིའི་དམིགས་བསལ་གྱི་དགོས་མཁོར་བསྟུན་དགོས། དཔེར་ན་ཕྲུ་གུའི་མཁོ་ཆས་དང་སྨན་རྫས་སོགས་ལྟ་བུ།

4. ཁང་པའི་ནང་ཉེན་གཡོལ་བྱེད་དུས་གློག་ཁུངས་དང་རླུང་སྒོ། ཆུ་སྦུག་བཅས་ཀྱི་སྒོ་རྒྱག་རྒྱུར་དོ་སྣང་བྱས་ནས་ཆུ་གཙང་མ་དང་། བཟའ་བཅའ་དང་དེ་བཞིན་གནོད་འཚེ་སྔོན་འགོག་གི་དངོས་ཟོག་འདང་ངེས་ཤིག་སྔ་མོ་ནས་གསོག་འཇོག་བྱེད་དགོས།

5.དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ངང་གནས་སྤོར་བར་གྲ་སྒྲིག་ཡག་པོ་བྱས་ཏེ། ལམ་ཐིག་ཡག་ཤོས་དང་བདེ་འཇགས་ཀྱི་གནས་གདམས་དགོས། གནས་མི་སྤོར་ཀ་མེད་བྱུང་ཚེ་རང་སྐྱོབ་དང་སྲོག་ཉེན་ལས་ཐར་བའི་ཡོ་བྱད་གྲ་སྒྲིག་ཡག་པོ་བྱེད་དགོས། ཤིང་གཞོང་དང་ཤིང་ཆ་སོགས་ཆུ་ཁར་གཡེང་ཐུབ་པའི་རྒྱུ་ཆ་འཚོལ་བསྡུ་བྱས་ནས་སྲོག་སྐྱོབ་སྒྲིག་ཆས་ལས་སྣོན་བྱས་ཏེ་ཉེན་ཁ་བཟློག་ཐབས་ལ་རེམ་དགོས།

གཉིས། ཆུ་ལོག་བྱུང་དུས་བདེ་འཇགས་ངང་གནས་སྤོར་ཇི་ལྟར་བྱེད་དགོས་ཞེ་ན།

1.ཆུ་ལོག་བྱུང་དུས་མྱུར་དུ་ས་བབ་དམའ་བའི་གནས་དང་བྲལ་ཏེ་མཐོ་སར་གནས་སྤོར་བ་དང་ཉེན་གཡོལ་བྱེད་དགོས།

2.ཆུ་གསོག་པའི་ལམ་ངོས་སུ་འགྲོ་སྐབས་ངེས་པར་དུ་ལྷམ་སྒྲོག་ཅན་གྱི་ལུས་རྩལ་ལྷམ་གྱོན་དགོས་པར་མ་ཟད། ལྷམ་སྒྲོག་དམ་པོར་བསྡམ་དགོས། ཆུ་ལྷམ་གྱོན་མི་རུང་སྟེ། ཆུ་ལྷམ་ནང་དུ་ཆུ་བླུགས་ན་འགུལ་སྐྱོད་བྱེད་མི་ཐུབ།

3.ཆུ་ལ་བརྒལ་ནས་འགྲོ་སྐབས་དབྱུག་པ་དང་ཆར་གདུགས་རིང་པོ་སོགས་བཙལ་ནས་ལམ་འཚོལ་ཡོ་བྱད་བྱེད་དགོས།

4.ཆུ་སྐེད་པར་སླེབས་དུས་ཉེན་ཁར་མི་འཛེམ་པར་གང་བྱུང་དུ་ཆུ་ལ་བརྒལ་མི་རུང་། སྐབས་འདིར་མཐོ་ས་ཞིག་བཙལ་ནས་རོགས་སྐྱོབ་ལ་སྒུག་དགོས།

གསུམ། ཆུ་ལོག་གི་ཁྲོད་ནས་རང་ཉིད་ཇི་ལྟར་སྐྱོབ་དགོས་ཞེ་ན།

1.གལ་ཏེ་རང་ཉིད་ཆུ་ལོག་གི་ཁྲོད་དུ་ལུས་ན། ཐོག་མར་ཐབས་བརྒྱ་ཇུས་སྟོང་གིས་ཕྱི་ཕྱོགས་དང་འབྲེལ་གཏུག་བྱེད་དགོས། དུས་ཐོག་ཏུ110ལ་ཁ་པར་བཏང་ནས་ཆེད་ལས་མི་སྣར་རོགས་སྐྱོབ་ཡོང་རོགས་ཞུ་དགོས། ཡུན་རིང་སྒུག་པའི་གོ་རིམ་ཁྲོད་མྱུར་སྐྱོབ་ཀྱི་བརྡ་རྟགས་གཏོང་རྒྱུ་བརྗེད་མི་རུང་།

2.གལ་ཏེ་ལས་གོས་གྱོན་པའི་རོགས་སྐྱོབ་མི་སྣ་མཐོང་ཚེ། རས་མདོག་ཆེན་གཡུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲགས་འགུལ་བསླངས་ནས་རོགས་སྐྱོབ་མི་སྣས་རང་ཉིད་རྙེད་ཐུབ་པར་བྱེད་དགོས།

3.ཆུ་ལོག་དང་འཕྲད་ཚེ་ཆེས་གཙོ་བོ་ཞིག་ནི་འཚབ་མི་རུང་ཞིང་། དངངས་འཚབ་སྐྱེས་དྲགས་ན་རང་ཉིད་ལ་ལས་འཛོལ་ཤོར་ནས་ཉེན་ཁ་དེ་བས་ཆེ་བའི་གནས་སུ་གྱར་སྲིད།

ལྔ། ཆུ་ལོག་བྱུང་རྗེས་ཀྱི་བདེ་འཇགས་ཤེས་བྱ།

1.ཆུ་ལོག་བྱུང་བའི་རྗེས་སུ་འཕྲོད་བསྟེན་རིམས་འགོག་གི་བྱ་བ་ལེགས་པོར་བསྒྲུབས་ཏེ་འགོས་ནད་མི་འབྱུང་བ་བྱེད་དགོས། སྦགས་བཙོག་ཐེབས་པའི་ཆུ་བེད་སྤྱོད་མི་རུང་། འབུ་སྦྲང་གིས་སོ་བཏབ་རྗེས་གང་འདོད་དུ་རེག་མི་རུང་། ཉིན་རེའི་ཟ་མ་མ་ཟོས་གོང་དང་ངལ་གསོ་མ་བྱས་གོང་ལ་རབ་ཡིན་ན་ལྭ་བའི་ཕྱི་རུ་མངོན་པའི་སྐྱི་པགས་ལ་དུག་སེལ་བྱེད་དགོས་པར་མ་ཟད། ཁོར་ཡུག་དང་ཉལ་གོས་སོགས་ལ་དུག་སེལ་བྱེད་དགོས།

2.ཆུ་ལོག་ཁྲོད་ནུབ་པའི་རང་བྱུང་སོལ་རླངས་སམ་གློག་ཆས་སྤྱོད་མི་རུང་། ཆུ་ལོག་གི་སྦགས་བཙོག་ཐེབས་པའི་ཟས་རིགས་གང་ཡང་ཟ་མི་རུང་།

3.ཆུ་ལོག་བྱུང་བའི་རྗེས་སུ། འདམ་རྫབ་གཙང་སེལ་བྱེད་དུས་ལྷམ་ཡུ་རིང་གྱོན་པ་དང་ལག་ཤུབས་མཐུག་པོ་གྱོན་ནས། འདམ་རྫབ་ནང་གི་སྦྲུལ་དང་འབུ་སོགས་ཀྱི་གནོད་པའམ་ཡང་ན་འབུ་ཕྲའི་འགོ་ནད་ལ་གཡོལ་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།