དྲག་ཆར་བབས་རྗེས།  རྒྱུ་གཟེར་དང་སྐྱི་པགས་གཉན་ཚད་སོགས་ཀྱི་ནད་འབྱུང་སྲིད།
2024.09.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 11

དྲག་ཆར་བབས་རྗེས།  ང་ཚོས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་དམ།

དྲག་ཆར་འབབ་པའི་གནམ་གཤིས་ཀྱིས་བློ་ཡུལ་ལས་འདས་པའི་གནོད་འཚེ་བཟོ་སྲིད་པར་མ་ཟད།   སྐྱེ་དངོས་ཕྲ་རབ་དང་ནད་དུག་ཁྱེར་ནས་མི་རྣམས་ཀྱི་ལུས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་སྲིད།

ཆེད་མཁས་པའི་གསལ་འདེབས་བྱས་པ་ལྟར་ན།   དྲག་ཆར་བབས་རྗེས་འགོས་ནད་འགོག་སྲུང་བྱེད་དགོས་ལ།  ལྷག་པར་དུ་རྒྱུ་གཟེར་དང་རེད་གཤིས་འཁྲུ་བ་སོགས་རྒྱུ་ལམ་གྱི་འགོས་ནད་འགོག་སྲུང་བྱེད་དགོས།  དེ་མིན་སྐྱི་པགས་ཀྱི་གཉན་ཚད་འགོག་སྲུང་བྱེད་དགོས།

སྤྱིར་བཏང་དུ།  དྲག་ཆར་བབས་པའི་རྗེས་སུ།   ལུས་པོ་ཆུས་བརླན་རྗེས།  འབུ་ཕྲ་སྐྱི་པགས་ཀྱི་བ་སྤུའི་བུ་ག་བརྒྱུད་དེ་རྨེན་བུའི་སྦུ་གུའི་ནང་དུ་འཛུལ་ནས་དམར་འབྲུམ་དང་རྨེན་བུའི་སྦུག་ཚད་སོགས་ཀྱི་ནད་སློང་སྲིད།

གཅིན་སྙི་ཟ་ཁུའི་ནད་ཡོད་པའི་མི་རྣམས་ཀྱིས་ལྷག་ཏུ་མཉམ་འཇོག་དགོས་ཏེ།   དུས་ཐོག་ཏུ་རྙོག་ཆུ་ཡོད་པའི་ཁོར་ཡུག་དང་འབྲལ་དགོས་པར་མ་ཟད།   རྐང་པ་གཙང་མར་ཕྱིས་ནས་སྨར་སྲིན་དང་ཕྲ་སྲིན་གྱི་རེད་པ་འབྱུང་བར་སྔོན་འགོག་བྱེད་དགོས།

ཆར་འབབ་སྐབས་མི་མང་པོ་ཞིག་གིས་བསིལ་ལྷམ་གོན་ནས་ལས་ཚོགས་ལ་འགྲོ་བ་དང་ཆུ་འཁྱགས་ཀྱིས་རྐང་པ་བཀྲུ་བ་རེད།  ཡིན་ཡང་ཆུ་འཁྱགས་ཀྱིས་རྐང་པ་བཀྲུས་ན་བ་སྤུའི་བུ་ག་གློ་བུར་དུ་འགག་པ་དང་རྩ་འཐེན་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་པར་མ་ཟད།   ཚིགས་ཚད་སོགས་ཀྱི་ནད་རིགས་ཀྱང་བསྐྱེད་སྲིད།

དྲག་ཆར་འབབ་པའི་དུས་ཚིགས་སུ་གཤམ་གྱི་གནད་འགར་མཉམ་འཇོག་བྱེད་དགོས།

གཅིག  གལ་ཏེ་ཆུ་ནང་དུ་མི་བརྒལ་ཐབས་མེད་བྱུང་ན།   སྔོན་ལ་རྐང་པ་གཉིས་ཀྱི་སྟེང་ཆུ་འགོག་སྣུམ་བྱུགས་དགོས་ལ། ལྷག་པར་དུ་མཛུབ་མོ་རེ་རེའི་བར་བྱུགས་དགོས།

གཉིས།   གལ་ཏེ་སྐྱི་པགས་སྟེང་རྨ་ཡོད་ན།   རྨ་ཡོད་སའི་གནས་སུ་སྲིན་འགོག་སྨན་བྱུགས་དགོས་པ་དང་།  ཆུ་ལྷམ་ཡུ་རིང་ངམ་འགྱིག་ཤོག་འཐུག་པོ་གྱོན་དགོས།

གསུམ། ཆུ་ནང་དུ་བརྒལ་བའི་ལྷམ་གཙང་མར་མ་བཀྲུས་སྔོན་ལ།  ཡང་བསྐྱར་མ་གོན་ན་བཟང་།

བཞི།    ཕྱིར་ཁྱིམ་དུ་ལོག་རྗེས།    རབ་ཡིན་ན་ཆུ་དྲོད་འཇམ་གྱིས་རྐང་པ་གཉིས་གཙང་མར་བཀྲུས་རྗེས་ལག་ཕྱེས་གཙང་མ་ཞིག་གིས་བཟང་བོར་ཕྱི་དགོས།  དེ་མིན་སྨན་བཀོལ་ཆང་བཅུད་ཀྱིས་འོས་འཚམ་གྱིས་བཀྲུས་ནས་དུག་སེལ་བྱས་ན་བཟང་།

ལྔ།  གལ་ཏེ་ཆུར་བརྒལ་རྗེས་ཤ་མདོག་དམར་པོར་འགྱུར་བའམ་ཟ་འཁྲུག་ལངས་པ།  ཆུ་བུར་འབྱུང་བ་སོགས་ཀྱི་ནད་རྟགས་བྱུང་ན།  མྱུར་དུ་སྨན་པར་སྟོན་དགོས།  ལྷག་པར་དུ་སྐྱི་པགས་ཀྱི་ནད་སོགས་ཡོད་པའི་ནད་པ་དག་གིས་དུས་ཐོག་ཏུ་སྨན་པར་སྟོན་པ་ལས།   རང་གི་ཉམས་མྱོང་ལྟར་སྨན་བཀོལ་མི་རུང་།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།