མ་བུ་གཉིས་མཉམ་དུ་བསྡད་ན་བཟང་ཆ་མང་པོ་ཡོད་དེ།
གཅིག བྱིས་པར་སྔ་མོ་ནས་ནུ་ཞོ་ནུ་རུ་འཇུག་ཐུབ། མའི་ནུ་ཞོ་ནི་ཕྲུ་གུ་འཚར་སྐྱེས་ལ་ཕན་པའི་རང་བྱུང་གི་ཟས་མཆོག་ཅིག་ཡིན་པས། དགོས་མཁོ་ལྟར་ནུ་ཞོ་བསྣུན་ན་ནད་འགོག་ནུས་པ་ཇེ་དྲག་ཏུ་སོང་ནས་བྱིས་པར་ཁྲག་ཧྭགས་དམའ་བ་སོགས་ཀྱི་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།
གཉིས། ཨ་མས་བྱིས་པར་བདག་སྐྱོང་བྱེད་བདེ་བ། མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན། བྱིས་པར་ལྟ་རྟོག་དང་ནུ་ཞོ་བསྣུན་པར་སྟབས་བདེ་ལ། བྱིས་པར་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་ཤེས་ནས་གནད་དོན་སེལ་ཐུབ་པར་མ་ཟད། བྱིས་པ་གཉིད་ཡོད་པ་དང་སད་ཡོད་པའི་དུས་ཚོད་ཤེས་ནས་ནུ་ཞོ་ནུ་བའི་གོམས་གཤིས་རིམ་གྱིས་ཆགས་སུ་འཇུག་ཐུབ།
གསུམ། མ་བུའི་བརྩེ་འདང་ཇེ་ཟབ་ལ་གཏོང་བར་ཕན། མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན། མ་བུའི་བར་གྱི་བརྩེ་འདང་ཇེ་ཟབ་དུ་གཏོང་ཐུབ་པར་མ་ཟད། བྱིས་པའི་བློ་རིག་འཕེལ་བར་ཡང་ཕན། ཨ་མའི་དྲོད་ཁོལ་གྱིས་ཁེངས་པའི་རུམ་དང་རྒྱུས་མངའ་ཡོད་པའི་དྲི་མ། སྙན་འཇམ་གྱི་སྐད་སྒྲ་ཡིས་བྱིས་པ་ལ་བདེ་འཇགས་དང་སྤྲོ་སྐྱིད་ཚོར་སྣང་ཞིག་སྟེར་ཐུབ།
བཞི། ཨ་མའི་ནུ་ཞོ་འབེབས་ཤིང་ནུ་རྨེན་ཚ་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ། བཙས་གཞུག་ཏུ་མའི་བུ་སྣོད་བསྐུམ་པ་དང་མཚན་མ་ལས་ཁྲག་འབུད་པ་ཇེ་ཉུང་དུ་གཏོང་ཐུབ་ལ། ལུས་ཕུང་སླར་སོས་པ་ཇེ་མགྱོགས་སུ་གཏོང་བར་ཕན་པ་ཡིན། དེ་མིན། མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་རྗེས་བྱིས་པ་ངུ་བའི་དུས་ཚོད་ཇེ་ཉུང་དུ་འགྲོ་བ་དང་ལུས་པོའི་ལྗིད་ཚད་ཇེ་ལྗིད་དང་ན་ཚ་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ། ད་རུང་། སྔ་མོ་ནས་ནུ་ཞོ་བསྣུན་པ་དང་དགོས་མཁོ་ལྟར་ནུ་ཞོ་བསྣུན་ན། ཨ་མའི་ནུ་མ་རྒྱས་ཚད་ཇེ་དམའ་སོགས་སུ་སོང་ནས་ཨ་མའི་ལུས་ཕུང་བདེ་ཐང་ལ་ཕན་པ་ཡིན།
ཡིན་ཡང་མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན་གཤམ་གྱི་དོན་ཚན་འགའ་ལ་མཉམ་འཇོག་དགོས།
གཅིག མི་སུ་ཡིན་རུང་བྱིས་པར་མ་ཐུག་སྔོན་ལ་ལག་པ་བཀྲུ་དགོས།
གཉིས། དབུགས་ལམ་རེད་པ་དང་ཆམ་ནད་བྱུང་མཁན་བྱིས་པའི་ཁང་བའི་ནང་འགྲོ་མི་རུང་།
གསུམ། བྱིས་པ་གཅིག་པུ་ཁང་བའི་ནང་བསྐྱུར་མི་རུང་།
གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།