ཉེ་ལམ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པ། ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། གུང་གཞོན་ཚོགས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་2024ལོའི་མིག་གཅེས་འགུལ་སྐྱོད་ཀྱི་ཐེངས་བཅུ་པའི་མཚོ་སྔོན་ས་ཚིགས་ཀྱི་བྱ་འགུལ་དེ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་འགོ་བརྩམས།
ཐེངས་འདིའི་བྱ་འགུལ་གྱིས་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་སོགས་ཀྱི་རྒྱལ་ཡོངས་ཀྱི་སྨན་བཅོས་ཆེད་མཁས་པ་རྩེ་གྲ་དང་དགེ་མཚན་ཐོན་ཁུངས་གཅིག་སྡུད་བྱས་ཡོད་པ་དང་། བྱ་འགུལ་གྱི་ཉིན་དེར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་མ་ལྔ་བརྒྱ་ལྷག་ལ་མིག་ཤུགས་བརྟག་དཔྱད་དང་ཞིབ་བཤེར་བྱ་བ་སྤེལ། གོ་རིམ་རྗེས་མར། འབྲེལ་ཡོད་ཆེད་མཁས་པ་དང་དང་བླངས་པ་རྣམས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་དང་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སློབ་གྲྭ་ཁ་ཤས་སུ་སོང་ནས་མཚོ་སྔོན་གྱི་སློབ་མ་ཁྲི་གཅིག་ལ་རིན་མེད་པར་མིག་ཤུགས་བརྟག་དཔྱད་དང་ཡིག་ཚགས་བཟོ་རྒྱུ་མ་ཟད། མིག་ནད་ཡོད་པའི་སློབ་མ་རྣམས་ལ་སྨན་བཅོས་བྱས་ནས་མིག་ཤེལ་དང་སྨན་བཅོས་ཀྱི་ལེགས་ཆ་འདོན་སྤྲོད་བྱ་རྒྱུ་རེད། དེར་མ་ཟད། རྣམ་པ་ཕུན་སུམ་ཚོགས་པའི་བྱ་འགུལ་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་གྱིས་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིོག་ནད་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བར་ཆེད་ལས་ཀྱི་ཁྲིད་སྟོན་དང་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་མ་ཟད། གཞོན་ནུ་ལོ་ཆུང་ལ་རོགས་བྱས་ཏེ་མིག་གི་གཙང་སྦྲའི་གོམས་གཤིས་བཟང་བོ་ཆགས་པར་བྱས་ནས་གཞོན་ནུ་ལོ་ཆུང་གི་མིག་ཤུགས་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།
མིག་གཅེས་འགུལ་སྐྱོད་ནི་ཀྲུང་གོ་བཟོ་ཚོང་དངུལ་ཁང་སྤྱིའི་དངུལ་ཁང་གིས་ཀྲུང་གོ་ན་གཞོན་བྱིས་པའི་ཐེབས་རྩ་ཚོགས་པ་དང་རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་བཅས་དང་མཉམ་འབྲེལ་བྱས་ཏེ་སྤེལ་བའི་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཕན་བྱ་འགུལ་ཞིག་ཡིན། 2015ལོར་མགོ་བརྩམས་པའི་ཚུན་ནས་ད་ལྟའི་བར་ཐེངས་བཅུ་ལ་སྤེལ་བ་དང་། ལས་གཞི་དེ་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་སོགས་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་ས་ཁུལ་ཉི་ཤུ་ལ་ཁེབས་ཡོད་པ་དང་། སློབ་ཆུང་བཞི་བརྒྱ་སུམ་ཅུ་ལྷག་གི་སློབ་མ་འབུམ་གཉིས་དང་ཁྲི་ལྔ་ལྷག་ལ་རིན་མེད་པར་མིག་ཤུགས་བརྟག་དཔྱད་དང་ཡིག་ཚགས་བཟོ་བ་སོགས་བྱས་ཏེ་བྱིས་པ་ཁྲི་གཉིས་ལྷག་ལ་རིན་མེད་པར་མིག་ཤེལ་དང་གསོ་རིག་ཞབས་ཞུ་འདོན་སྤྲོད་བྱས། 2020ལོའི་ཚུན་ལ། མིག་གཅེས་འགུལ་སྐྱོད་མཚོ་སྔོན་ས་ཚིགས་ཀྱིས་གཞོན་ནུ་ལོ་ཆུང་ཁྲི་ལྔ་དང་སྟོང་བཞི་ལ་མིག་ཤུགས་བརྟག་དཔྱད་བྱས་ཏེ་བྱིས་པ་སྟོང་གཉིས་དང་ཉིས་བརྒྱ་སོ་བདུན་ལ་རིན་མེད་པར་ཚད་ལྡན་གྱི་མིག་ཤེལ་བྱིན་པ་དང་། གཞོན་ནུ་ལོ་ཆུང་རེ་བཞི་ལ་གཤགས་བཅོས་སྨན་བཅོས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།