བུད་མེད་རྣམས་ལ་རོ་ཙ་ཉམས་པའི་དུས་ནི་ལོ་ཞེ་ལྔའི་རྗེས་སུ་འབྱུང་ཞིང་། ཟླ་མཚན་ཐོག་མའི་དུས་དང་གཉེན་སྒྲིག་བྱས་མིན། མངལ་སྦྲུམ་ཐེངས། ནད་ཡོད་མེད་སོགས་གནས་ཚུལ་མི་འདྲ་བར་གཞིགས་ནས་འགྱུར་བ་འོང་བ་ཡིན། བུད་མེད་རྣམས་ཀྱི་མི་ཚེ་གཅིག་ཏུ་མངལ་ཆགས་ནུས་པ་ནས་རོ་ཙ་དར་བའི་དུས་སྐབས། དེ་ནས་རོ་ཙ་ཉམས་པའི་དུས་སྐབས། དེ་ནས་རྒ་བའི་དུས་སྐབས་བཅས་བརྒྱུད་དགོས་ཤིང་། དེ་ནི་ཡུན་གྱིས་འགྱུར་བ་འབྱུང་བའི་བརྒྱུད་རིམ་ཞིག་སྟེ། ངེས་པར་བརྒྱུད་དགོས་པའི་སྐྱེ་ལུགས་བརྒྱུད་རིམ་ཞིག་ཀྱང་ཡིན། བརྒྱུད་རིམ་དེའི་གཞི་རྩའི་སྐྱེ་ལུགས་འགྱུར་ལྡོག་ནི་བསམ་སེའུའི་སྐུལ་རྩི་ཟགས་ཐོིན་བྱེད་པའི་ནུས་པ་ཉམས་པ་ནས་མེད་པར་འགྱུར་བ་ལ་བརྟེན་ནས་བྱུང་བ་ཡིན། ནད་རྟགས་ལ་རོ་ཙ་ཉམས་པས་མངལ་སྦྲུམ་མི་ནུས་ཤིང་ཟླ་མཚན་མི་སྙོམས་པ་ནས་མི་འབབ་པ། རོ་ཙའི་དབང་བོ་སོ་སོ་འཁུམ་ཞིང་རྒས་པ་སོགས་འབྱུང་། བུད་མེད་མང་ཆེ་བར་དབང་རྩའི་མ་ལག་དང་ནང་གི་ཟགས་ཐོན་མ་ལག་གི་སྙོམས་སྒྲིག་ལ་བརྟེན་ནས་དུས་དེ་བདེ་ཐང་ངང་སྒྲོལ་ནུས། འོན་ཀྱང་། བུད་མེད་ཉུང་ཤས་ཤིག་ལ་དུས་དེར་རྩི་ཤིང་དབང་རྩའི་མ་ལག་གི་བྱེད་ལས་འཁྲུག་པའི་རྟགས་སྣ་ཚོགས་འབྱུང་ཤིང་། དེ་ལ་རོ་ཙ་ཉམས་པའི་དུས་ཀྱི་རྟགས་འདུས་ཟེར། དེས་བུད་མེད་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་བྱ་བར་ཤུགས་རྐྱེན་ཐེབས་སྲིད། དེའི་ནད་རྟགས་གཙོ་བོ་དཔེར་ན། ཟླ་མཚན་དང་སྐྱེ་འཕེལ་ལམ་གྱི་འགྱུར་བ། ཁྲག་རྩ་ལྷོད་པའི་རྟགས་འདུས། སེམས་ཁམས་དང་གཅིན་ལམ་གྱི་ནད་རྟགས། སྐྱི་པགས་དང་བ་སྤུའི་འགྱུར་བ། སྙིང་དང་ཁྲག་རྩའི་ནད་འགྱུར་སོགས་འདུས། གོང་གི་ནད་རྟགས་དེ་དག་ལས་གཞན་ད་རུང་སྐྲན་ནད་ཀྱི་རིགས་འབྱུང་བར་དོགས་ཟོན་བྱེད་དགོས། དཔེར་ན། མངལ་སྐེའི་འབྲས་སྐྲན་དང་བུ་སྣོད་ནང་སྐྱིའི་གཤེར་འབྲས། བསམ་སེའི་འབྲས་སྐྲན་སོགས་ལ་མཉམ་འཇོག་བྱེད་དགོས་ཤིང་། བུ་སྣོད་ཀྱི་ཤ་སྐྲན་ཡང་དུས་དེར་འགྱུར་བ་ཆེ་བས་མཉམ་འཇོག་བྱེད་དགོས།
དུས་དེ་ནི་བུད་མེད་ཀྱི་མི་ཚེ་གཅིག་ལས་རང་བྱུང་གི་འཕེལ་རྒྱས་སྐྱེ་ལུགས་བརྒྱུད་རིམ་ཞིག་ཡིན་པ་དང་། བུད་མེད་རྣམས་དར་མ་ནས་རྒ་བའི་དུས་ལ་འགྲོ་བའི་བར་མཚམས་ཤིག་ཡིན་པར་ངོས་ཟིན་དགོས། ནང་གི་ཟགས་ཐོན་དང་དབང་རྩའི་མ་ལག་གི་ཁམས་སྙོམས་སྒྲིག་གི་ལས་ལ་བརྟེན་ནས་ལོ་གཅིག་ཡས་མས་ཀྱི་རྗེས་སུ་ནད་རྟགས་རྣམས་མེད་ངེས་པས། སེམས་ཁུར་དང་སེམས་མི་སྐྱིད་པའི་རྣམ་འགྱུར་གང་ཡང་འཛིན་དོན་མེད། ཁྱིམ་མིའམ་ཉེ་འཁོར་གྱི་མི་རྣམས་ཀྱིས་ཀྱང་བུད་མེད་རྣམས་ཀྱི་དུས་དེའི་འགྱུར་བ་དང་བྱ་སྤྱོད་ལ་བཟོད་སྒོམ་བྱས་ཏེ། བྱ་བ་དང་དུས་རྒྱུན་གྱི་འཚོ་བའི་ཁྲོད་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས།
དེ་མིན། འཚོ་བའི་ཁྲོད་ཀྱི་འགྲོ་འདུག་ཉལ་འཆག་གི་གོམས་སྲོལ་ལ་ཉམས་འཇོག་དགོས། ལུས་སེམས་གང་ཡང་ལས་སྣ་གཅིག་ལ་མི་གཏོད་པ་དང་ལུས་ཕུང་སྦྱོང་བརྡར་བྱས་ཏེ་ཁམས་སྙོམས་པར་བྱེད་དགོས། འཇུ་སླ་ཞིང་བཅུད་ཅན་གྱི་ཟས་བསྟེན་པ་དང་སྔོ་ཚལ་དང་སིལ་ཏོག་མང་དུ་ཟ་བ། ཚིལ་དང་ཚིལ་འདྲེས་པའི་ཟས་རིགས་སྤང་དགོས། དེར་མ་ཟད། སྔ་མོ་ནས་ནད་ངོས་ཟིན་པ་དང་། ནད་དེའི་རིགས་སྔོན་འགོག་བྱེད་པའི་ཆེད་དུ། ལོ་ཕྱེད་རེའམ་ལོ་རེའི་ནང་དུ་མངལ་སྐེའི་འབྲས་ཀྱི་བྱུག་ལེབ་བརྟག་བཤེར་དང་ནུ་མའི་བརྟག་བཤེར་སོགས་བདེ་ཐང་བརྟག་བཤེར་ཆ་ཚང་ཞིག་བྱེད་དགོས། གལ་ཏེ་ཟླ་མཚན་ཆད་ནས་ཁྲག་འཛག་པ་དང་གསུས་གནས་སུ་སྐྲངས་པ་བྱུང་བའམ་ཟུག་གཟེར་ཆེ་བ། ནུ་མའི་ཕྱི་ངོས་སུ་མི་བདེ་བའི་སྣང་བ་བྱུང་བ་སོགས་བྱས་ན་དུས་ཐོག་ཏུ་ཚད་ལྡན་གྱི་སྨན་ཁང་ལ་བསྟན་ནས་ནད་ངོས་འཛིན་དང་གསོ་བཅོས་བྱེད་དགོས།
གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ལས་བདམས་པ་ཡིན།