ཉིན་གཅིག་གི་ཟས་ཐུན་གསུམ་ཇི་ལྟར་ཟོས་ན་འོས་འཚམ་ཡིན་ནམ།
2024.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

བཟའ་བཏུང་དང་སྙིང་གི་ཁྲག་རྩའི་བདེ་ཐང་ཐད་ཀྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཞོགས་ཟས་དུས་ཚོད་གཅིག་རིང་ལ་ནར་འགྱངས་བྱས་ཚེ་སྙིང་གི་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ6%གིས་ཆེ་རུ་འགྲོ་བ་དང་། ཞོགས་ཟས་ཟ་བའི་དུས་ཚོད་ཇི་ཙམ་འགོར་ན་སྙིང་གི་ཁྲག་རྩའི་ནད་གཞི་ཕོག་པའི་ཉེན་ཁ་དེ་ལྟར་ཆེ་རུ་འགྲོ་བ་རེད། དེ་དང་འདྲ་བར། དགོང་ཟས་ཟ་བའི་དུས་ཚོད་ཇི་ཙམ་འགོར་ན། སྙིང་ཁམས་ཁྲག་རྩའི་ནད་གཞི་ཕོག་པའི་ཉེན་ཁ་ཡང་དེ་ཙམ་གྱིས་ཆེ་རུ་འགྲོ་བ་དང་། ལྷག་པར་མཚན་མོའི་དུས་ཚོད9ཡི་རྗེས་སུ་ཟ་མ་ཟོས་ན་དེ་ལས་ལྷག་པའི་གནོད་པ་ཆེ།

གཅིག ཞོགས་ཟས་དུས་ཚོད་བརྒྱད་ཀྱི་སྔོན་ལ་ཟོས་ན་ལེགས། ཞིབ་འཇུག་ལས་མངོན་པ་ལྟར་ན། ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྔོན་ལ་ཞོགས་ཟས་ཟ་བའི་མི་དང་བསྡུར་ན། དུས་ཚོད་དགུ་ཡི་རྗེས་སུ་ཞོགས་ཟས་ཟ་བའི་མི་ལ་གཅིན་སྙི་ཟ་ཁུའི་ནད་ཕོག་ཚད59%ལས་མཐོ་བ་རེད།

གཉིས། གུང་ཟས་དུས་ཚོད་བཅུ་གཉིས་དང་ཕྱེད་ཀ་ནས་དུས་ཚོད་གཅིག་དང་ཕྱེད་ཀའི་བར་དུ་ཟོས་ན་ལེགས། འཚོ་བཅུད་དང་བཟའ་བཏུང་ཐད་ཀྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཞོགས་ཟས་དང་གུང་ཟས་བར་དུ་དུས་ཚོད་བཞི་ནས་ལྔ་འགོར་དགོས་པ་དང་། དེ་ལྟར་བྱས་ཚེ་འཆི་བའི་ཉེན་ཁ་དང་སྙིང་གི་ཁྲག་རྩའི་ནད་ཕོག་ནས་ཤི་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་ངེས་རེད།

གསུམ། དགོང་ཟས་དུས་ཚོད་བརྒྱད་ཀྱི་སྔོན་ལ་ཟོས་ན་ལེགས། འཚོ་བཅུད་ཐད་ཀྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། དུས་ཚོད་བརྒྱད་ཀྱི་སྔོན་ལ་དགོང་ཟས་ཟོས་ན། ནད་རིགས་སྣ་ཚོགས་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་རེད། ཟ་མ་དུས་ཚོད་ལྟར་ཟ་དགོས་པར་མ་ཟད། ཉུང་ཟ་དང་ཚོད་འཛིན་བྱ་རྒྱུའང་གལ་་ཆེ།

རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ། ད་ནས་བཟུང་ཉིན་རེའི་ཟས་ཐུན་གསུམ་པོ་འདི་ལྟར་ཟ་དགོས་ཏེ།

གཅིག ཞོགས་ཟས་ལེགས་པོ་ཟ་དགོས།

གཉིས། གུང་ཟས་རྒྱགས་པར་ཟ་དགོས།

གསུམ། དགོང་ཟས་ཉུང་ཙམ་ཟ་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།