གཅིག ཟླ་མཚན་དུས་ཀྱི་ནད།
ཟླ་མཚན་དུས་ཀྱི་ནད་ནི་མང་ཆེ་བ་བྱིས་པ་བཙའ་མ་མྱོང་བའི་བུད་མེད་ཁག་ཅིག་ལ་ཟླ་མཚན་འབབ་ལ་ཉེ་བ་དང་། ཡང་ན་ཟླ་མཚན་འབབ་པའི་སྐབས་སམ་ཟླ་མཚན་བབས་རྗེས་རྒྱུ་ཞབས་དང་རྐེད་པ་སོགས་ལ་ན་ཟུག་ཆེན་པོ་ལངས་པའི་ནད་ཅིག་རེད། དེའི་ནད་རྟགས་ལ་རྐེད་པ་དང་རྒྱུ་ཞབས་ལ་ན་ཟུག་ཆེན་པོ་ལངས་པ་དང་། ཁོག་པ་སྦོས་པ། མགོ་ཡུ་འཁོར་བ། སྙིང་ཁམས་མི་བདེ་བ། ཟླ་མཚན་ཉུང་ངུ་ལས་མི་འབབ་པ་དང་འབབ་ཚུལ་ལ་ཆོས་ཉིད་མེད་པ་སོགས་ཀྱི་མངོན་ཚུལ་ཡོད། དེའི་སྔོན་འགོག་བྱེད་ཐབས་དང་བཅོས་ཐབས་ཐད་ནས། ཟས་སྤྱོད་དང་གཙང་སྦྲར་དོ་སྣང་བྱེད་དགོས། ཟླ་མཚན་འབབ་པའི་སྐབས་སུ་ལུས་པོའི་ནད་འགོག་ནུས་པ་སྤྱིར་བཏང་ལས་ཅུང་ཞན་པའི་ཁར་བུ་སྣོད་དུ་ཡང་རྨ་ཁ་ཡོད་པས། མཚན་མའི་གཙང་སྦྲར་དོ་སྣང་མ་བྱས་ན་ནད་གཞི་སློང་སྲིད། དེ་བས། ཟླ་མཚན་འབབ་སྐབས་ཤོག་བུ་གཙང་མ་སྤྱོད་པ་དང་གསང་དོར་བརྗེ་བ་སོགས་བྱས་ནས་མཚན་མའི་གཙང་སྦྲར་དོ་སྣང་བྱེད་དགོས་ལ། ལས་ཀ་ལྗིད་མོ་ལས་མི་རུང་ཞིང་། བཞོན་པ་ཞོན་པ་དང་ཆུ་གྲང་མོའི་ནང་བརྒལ་བ་སོགས་ཀྱི་རིགས་ལ་ཡང་དོ་སྣང་བྱེད་དགོས། བཅོས་ཐབས་ལ་ཟླ་མཚན་དུས་ཐོག་ཏུ་མི་འབབ་ན་ཞི་བྱེད་བཅུ་གཅིག་དང་འོལ་སེ་ཉེར་ལྔ། ཨ་གར་བརྒྱད་པ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་བྱེད་དགོས།
གཉིས། ནུ་ཚབས་ཀྱི་ནད།
ནུ་ཚབས་ཀྱི་ནད་ནི་ནུ་མར་གཉན་ཁ་རྒྱས་ནས་སྐྲངས་པའི་ནད་ཅིག་རེད། མང་ཆེ་བ་བྱིས་པ་ཐོག་མར་བཙས་ནས་བྱིས་པར་ནུ་ཞོ་བསྣུན་མཁན་གྱི་བུད་མེད་ལ་འབྱུང་བ་ཡིན། དེར་ནུ་མར་གཉན་ཚད་རྒྱས་ནས་སྐྲངས་པ་དང་། མདོག་དམར་པོར་གྱུར་ཏེ་ན་ཟུག་ལངས་པ། སྙིང་ཁམས་མི་བདེ་བ། གྲང་ཤུམ་རྒྱག་པ། ཚ་སྐྱེ་བ། སྐོམ་དད་ཆེ་བ། མཆན་ཁུང་གི་རྨེན་བུ་སྐྲངས་པ་སོགས་ཀྱི་ནད་རྟགས་འབྱུང་། སྔོན་འགོག་བྱེད་ཐབས་དང་བཅོས་ཐབས་ཐད་ནས། བྱིས་པ་ནུ་མ་བསྣུན་དུས་བསེར་ཁ་དང་མི་གཙང་བ་འབྱུང་བར་དོ་སྣང་བྱེད་དགོས། གུར་ཁྱུང་སོགས་གཉན་ཚད་གཅོག་པའི་འབྲེལ་ཡོད་སྨན་སྦྱོར་རྣམས་བེད་སྤྱོད་བྱེད་དགོས་པ་དང་། སྐབས་དེར་བྱིས་པར་ནུ་མ་བསྣུན་པ་སོགས་བྱེད་མི་རུང་། དེ་མིན་ཟས་སྐོམ་ཐད་ནས་ཚ་སྐྱུར་གྱི་རིགས་ལ་འཛེམ་པ་སོགས་བྱེད་དགོས།
གསུམ། མངལ་སྐྲན།
མངལ་སྐྲན་ནི་མངལ་གྱི་ཤ་གྲིམ་ནང་ངོས་སུ་སྐྲན་འདྲིལ་བའི་ནད་ཅིག་ཡིན།
དེའི་ནད་རྟགས་ལ་རྒྱུ་ཞབས་ན་བ་དང་ཟླ་མཚན་འབྱམས་པ། བུ་སྣོད་ཆེ་རུ་རྒྱས་པ། གྲང་བ་མང་དུ་འཛག་པ། ཟླ་མཚན་འབབ་སྐབས་ན་ཟུག་ལངས་པ། མངལ་མི་ཆགས་པ། ད་རུང་སྐྲན་ཆེ་རུ་རྒྱས་ནས་ཉེ་འཁོར་གྱི་དབང་བོ་གཞན་ལ་བཙིར་གནོན་འཁེལ་ན་གཅིན་ཁ་སྙི་བ་དང་ཡང་ན་བཤང་གཅི་འབབ་དཀའ་བ་སོགས་ཡོད། སྔོན་འགོག་བྱེད་ཐབས་དང་བཅོས་ཐབས་ཐད་ནས། ཟས་སྤྱོད་ལེགས་པོར་བསྟེན་དགོས་པ་དང་། བུ་སྣོད་ལ་བཙོག་པ་མི་ཡོང་བའི་ཆེད་དུ་གཙང་སྦྲར་དོ་སྣང་བྱེད་དགོས། དེ་མིན་ཞི་བྱེད་བཅུ་གཅིག་དང་འོལ་སེ་ཉེར་ལྔ་སོགས་ནད་རྟགས་དང་བསྟུན་ནས་བསྟེན་ཆོག
བཞི། མོ་ནད་དུག་ཐབས།
མོ་ནད་དུག་ཐབས་ནི་བྱིས་པ་བཙས་རྗེས་ཟས་སྤྱོད་ལོག་ནས་གཉན་ཚད་སྐྱེས་པའི་ནད་ཅིག་ཡིན་ཞིང་། དེ་ལ་བང་ཚད་ཀྱང་ཟེར།
དེའི་ནད་རྟགས་ལ་བྱིས་པ་བཙས་རྗེས་ཟས་སྤྱོད་ལོག་པར་བརྟེན་ལུས་ཁམས་ལ་ཚ་བ་རྒྱས་པ་དང་རྩིབ་ལོགས་གཟེར་བ། སྐོམ་ཚད་ཆེ་བ། རྒྱུ་ཞབས་མནན་ན་ན་ཟུག་ལངས་པ། དྲི་ངན་ཅན་གྱི་མངལ་ཁྲག་འཛག་པ། ཐ་ན་བུ་སྣོད་ལུག་པ་སོགས་འབྱུང་བས་ནད་གཞི་དེ་ནི་ཉེན་ཁ་ཆེ་བ་ཞིག་རེད། སྔོན་འགོག་བྱེད་ཐབས་དང་བཅོས་ཐབས་ཐད་ནས་བསིལ་དྲོད་སྙོམས་པའི་འབྲེལ་ཡོད་སྨན་སྦྱོར་རྣམས་བསྟེན་པ་དང་། ཟས་བཅུད་ཅན་བསྟེན་པ་སོགས་ཀྱི་ཐབས་བརྟེན་ནས་གསོ་བཅོས་བྱེད་དགོས།
གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ལས་བདམས་པ་ཡིན།