མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་རང་བཞིན་གྱི་ནད་རིགས་ཀྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་བརྩམས།
2024.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ།  མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་རང་བཞིན་གྱི་ནད་རིགས་ཀྱི་ནད་ཐོག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་ཚོགས་འདུ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན།    མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་རང་བཞིན་གྱི་ནད་རིགས་ཀྱི་ནད་ཐོག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པ་ནི་རང་ཞིང་གིས་འགོས་ནད་རང་བཞིན་གྱི་ནད་རིགས་ཚབས་ཆེན་གྱི་འགོག་བཅོས་ལག་རྩལ་ཞིབ་འཇུག་ཆུ་ཚད་ལ་ཤུགས་སྣོན་པ་དང་།  མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་དམིགས་ནས་སྨན་བཅོས་སྡེ་ཁག་གཙོ་ཁྲིད་དུ་བྱས་ཏེ་འགོས་ནད་རང་བཞིན་གྱི་ནད་རིགས་ཚབས་ཆེན་གྱི་སྐྱོབ་བཅོས་ནུས་པ་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།    འགོས་ནད་རང་བཞིན་གྱི་ནད་རིགས་ཀྱི་ནད་ཐོག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པ་དེས་རྒྱལ་ཁབ་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་ཀྱི་བྱ་བའི་གྲུབ་འབྲས་དཔྱད་ཞིབ་དམིགས་ཚད་ལ་གཞིགས་ཏེ་ཚད་གཞི་མཐོ་བའི་ནད་ཐོག་ཞིབ་འཇུག་དཔུང་སྡེ་དང་ནད་ཐོག་ཞིབ་འཇུག་གི་མ་དཔེའི་མཛོད་འཛུགས་པ།   ཞིང་ཆེན་ནང་ཁུལ་གྱི་འགོས་ནད་རང་བཞིན་གྱི་ནད་རིགས་སྨན་བཅོས་དང་ཞིབ་འཇུག་སྡེ་ཁག་གི་མཐུན་སྦྱོར་གསར་སྐྲུན་དྲ་རྒྱའི་མ་ལག་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་འགོས་ནད་རང་བཞིན་གྱི་ནད་རིགས་ཞིབ་འཇུག་ཐད་སྟེགས་བུའི་འདེགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ།

མིག་སྔའི་བར་དུ།   ཞིང་ཆེན་ཡོངས་ཀྱིས་མཐོ་སྒང་གི་ནད་དང་ཐུམ་འབུའི་ནད།   བྱིས་པའི་བདེ་ཐང་དང་ནད་རིགས།  འཇུ་ལམ་མ་ལག་གི་ནད་རིགས་སོགས་ཁྱབ་ཁོངས་སུ་ཞིང་ཆེན་རིམ་པའི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་བཅུ་གཅིག་བཙུགས་ཡོད།

གོ་རིམ་རྗེས་མར།   ཞིང་ཆེན་ཚན་རྩལ་ཐིན་གྱིས་རང་ཞིང་གི་འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་དམིགས་ཏེ།  འགོས་ནད་རང་བཞིན་གྱི་ནད་རིགས་ཀྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་རང་ཞིང་གི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་བྱེད་ནུས་མཐོར་འདེགས་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་ཐད་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།