ཉེ་ལམ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས2024ལོའི་སྐོར་གཉིས་པའི་སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་གི་མ་དངུལ་སྤྱད་པའི་གྱོད་དོན་བཅུ་གཉིས་ཁྱབ་བསྒྲགས་བྱས་པ་དང་ཉེན་བརྡའི་སློབ་གསོའི་བྱེད་ནུས་འདོན་སྤེལ་བྱས་ཏེ་སྨན་བཅོས་འགན་སྲུང་མ་དངུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་རང་རྟོགས་སྒོས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བཀག་འགོག་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་བསྐྲུན།
གྱོད་དོན་ཁྲོད་དུ། རྒྱུད་རྒྱུ་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་བཟོ་བཅོས་བྱས་ཏེ་སྨན་བཅོས་འགན་སྲུང་གི་མ་དངུལ་གཡོ་ལེན་བྱས་པའི་གྱོད་དོན་དང་ཞིབ་བཤེར་ལ་གཞོགས་འདེགས་མི་བྱེད་པའི་གྱོད་དོན། སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་གི་མ་དངུལ་སྤྱད་པའི་གྱོད་དོན་སོགས་ཡོད། རྒྱུད་རྒྱུ་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་བཟོ་བཅོས་བྱས་ནས་སྨན་བཅོས་འགན་སྲུང་གི་མ་དངུལ་གཡོ་ལེན་བྱས་པའི་གྱོད་དོན་ཁྲོད་དུ། མི་གསུམ་ལ་གཡོ་ལེན་གྱི་ནག་ཉེས་གྲུབ་པས། ཁྲིམས་འཛིན་སྡེ་ཁག་གིས་མྱུལ་ཞིབ་དང་འདྲི་གཅོད་བྱས་པ་བརྒྱུད་ཁྲིམས་འགལ་ངང་ཐོབ་པའི་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་ལྔ་སྟོང་བརྒྱད་བདུན་བརྒྱ་དོན་གཉིས་ལྷག་ཡོད་པ་དེ་ཁྲིམས་ལྟར་ཕྱིར་སྤྲོད་དགོས་པར་མ་ཟད། ལོ་གཅིག་ནས་གསུམ་བར་གྱི་དུས་བཀག་བཙོན་འཇུག་དང་དངུལ་ཆད་བཅད་ཡོད། ཞིབ་བཤེར་ལ་གཞོགས་འདེགས་མི་བྱེད་པའི་གྱོད་དོན་ཁྲོད་དུ། སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་འགན་སྲུང་ཞབས་ཞུའི་གྲོས་མཐུན་དང་འབྲེལ་ཡོད་གཏན་འཁེལ་ལྟར། སྨན་བཅོས་འགན་སྲུང་ཞབས་ཞུའི་གྲོས་མཐུན་མེད་པར་བཟོས་ནས་ལོ་གསུམ་གྱི་ནང་སྨན་བཅོས་འགན་སྲུང་གི་གནས་གཏན་ཞབས་ཞུའི་ཐོབ་ཐང་བསྐྱར་དུ་རེ་ཞུ་བྱེད་མི་ཆོག་པར་བྱས།
ད་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་འགན་སྲུང་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་སྨན་བཅོས་འགན་སྲུང་མ་དངུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་སྨན་བཅོས་འགན་སྲུང་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱས་པ་དང་། སྨན་བཅོས་འགན་སྲུང་མ་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་ལེན་ནན་མོ་བཏང་སྟེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་མ་དངུལ་སྤྱོད་པའི་གྱོད་དོན་སྐོར་ཞིག་རྩད་བཅད་ནས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་ལ་སྲུང་སྐྱོབ་བཟང་པོ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།