བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། སྨན་བཅོས་བདེ་འཇགས་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཏུའུ་ལན་རྫོང་ཚོད་ལྟ་ཁུལ་དུ་བྱས་ཏེ་མཉམ་འབྲེལ་དྲ་བ་དང་གསོ་རིག་ཞབས་ཞུ་མཉམ་བསྲེས་གྱི་རྣམ་པ་གསར་པ་སྔོན་ལ་འཚོལ་ཞིབ་བྱས་ནས་ཁུལ་ཁོངས་ཀྱི་གཞི་གྲངས་ཅན་གྱི་སྨན་པས་བྲིས་པའི་སྨན་ཐོར་ཞིབ་བཤེར་གཏན་འབེབས་བྱེད་པའི་མ་ལག་བཙུགས་ནས་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཁུལ་ཁོངས་ཀྱི་གཞི་གྲངས་ཅན་གྱི་སྨན་པས་བྲིས་པའི་སྨན་ཐོར་ཞིབ་བཤེར་གཏན་འབེབས་བྱེད་པའི་མ་ལག་གིས་དུས་ཚོད་ཉེར་བཞིའི་རིང་ལ་སྨན་ཐོ་རེ་རེའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། མིས་བཟོས་རིག་ནུས་ལག་རྩལ་ལ་བརྟེན་ནས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་གསུམ་མཉམ་སྒུལ་གྱི་ནང་རྐྱེན་དང་ཟུང་འབྲེལ་གྱིས་སྨན་རྫས་ཀྱི་གསལ་བཤད་ཡི་གེ་ཚད་གཞིར་བྱས་ཏེ་ནད་ཐོག་སྨན་བཀོལ་ལག་ལེན་ཁྲོད་འདྲེས་པར་བྱས་ནས་སྨན་ཐོ་རེ་རེར་ཞིབ་བཤེར་དང་བརྡར་གཅོད་ནན་མོ་བྱེད་བཞིན་ཡོད།
དེ་མིན། ཁུལ་ཁོངས་ཀྱི་གཞི་གྲངས་ཅན་གྱི་སྨན་པས་བྲིས་པའི་སྨན་ཐོར་ཞིབ་བཤེར་གཏན་འབེབས་བྱེད་པའི་ལྟེ་གནས་ཀྱིས་ད་རུང་སྨན་ཐོར་དཔྱད་འཇོག་བྱེད་པའི་བྱེད་ནུས་བཀོད་སྒྲིག་བྱས་ཏེ་དུས་ཚོད་ཐུང་ངུའི་ནང་ལས་འགན་ཡོངས་འགྲུབ་བྱེད་ཐུབ་པར་བྱས་ཤིང་། དེས་སྨན་པ་དག་གི་བྱ་བའི་ཕན་འབྲས་ཚད་ཆེན་པོས་མཐོར་འདེགས་བཏང་བར་མ་ཟད། ཁུལ་ཁོངས་ཀྱི་སྨན་བཀོལ་དོ་དམ་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། ཏུའུ་ལན་རྫོང་གི་གཞུང་སྒྲུབ་སྨན་ཁང་གཉིས་དང་གཞི་རིམ་གྱི་འཕྲོད་བསྟེན་ཁང་བཅུ། དེ་མིན་སྡེ་བའི་འཕྲོད་བསྟེན་ཁང་གོ་ལྔ་ཁུལ་ཁོངས་ཀྱི་གཞི་གྲངས་ཅན་གྱི་སྨན་པའི་སྨན་ཐོར་ཞིབ་བཤེར་གཏན་འབེབས་བྱེད་པའི་ལྟེ་གནས་ཀྱི་སྟེགས་བུའི་དོ་དམ་ཁྲོད་བཞག་ནས་རྗོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་དང་མཐུན་སྦྱོར་རོགས་ལས་མངོིན་འགྱུར་བྱས།
ད་ལྟ། ཏུའུ་ལན་རྫོང་གི་ཁུལ་ཁོངས་ཀྱི་སྨན་པའི་སྨན་ཐོར་ཞིབ་བཤེར་གཏན་འབེབས་བྱེད་པའི་ལྟེ་གནས་འཁོར་སྐྱོད་བྱས་པ་དེས་ནད་པ་དག་གི་སྨན་བཅོས་དང་སྨན་བཀོལ་ཐད་སྔོན་ལ་ཞིབ་བཤེར་དང་བར་དུ་ལྟ་སྐུལ་དོ་དམ། རྗེས་སུ་དཔྱད་འཇོག་བཅས་ཀྱི་བཀག་སྡོམ་རྣམ་པའི་དོ་དམ་བྱེད་ཐབས་མངོན་འགྱུར་བྱས་ཡོད་ལ། ཏུའུ་ལན་རྫོང་གི་མང་ཚོགས་རྣམས་ཀྱིས་ཀྱང་སྔར་ལས་ཡིད་རྟོན་རུང་བ་དང་སྟབས་བདེ་ཡིན་པའི་སྨན་བཀོལ་ཞབས་ཞུ་ལོངས་སྤྱོད་བྱེད་བཞིན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།