བསྟུད་མར་ཉིན་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཅིག་བསྡུས་ཀྱིས་སྟེར་བ་དང་རིམ་པ་བགར་ཏེ་སྟེར་བ། ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། འབྲས་སྐྲན་གཉིས་ཕོག་པའི་རོགས་སྐྱོབ་བྱེད་ཡུལ་ལ་རོགས་སྐྱོབ་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་བརྒྱད་བྱིན་ནས་རྒྱ་ཆེའི་བུད་མེད་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མྱོང་དུ་བཅུག
ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣས་ཞིང་ཆེན་ནོར་སྲིད་ཐིན་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་འབྲས་སྐྲན་གཉིས་ཀྱི་རོགས་སྐྱོབ་ལས་གཞི་ཐོབ་ཡོད་པའི་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་ཕོག་པའི་ནད་པ་ཁ་ཤས་ལ་འཚམས་འདྲི་བྱས། འཚམས་འདྲིའི་སྐབས་སུ། ལས་བྱེད་མི་སྣ་དག་གིས་རོགས་སྐྱོབ་ཐོབ་པའི་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་ཕོག་པའི་ནད་པའི་ཁྱིམ་ཚང་གི་གནས་ཚུལ་དང་དཔལ་འབྱོར་ཡོང་ཁུངས། འཚོ་བའི་གནས་ཚུལ། ནད་ཀྱི་གནས་ཚུལ། དེ་མིན་བདེ་ཐང་སླར་གསོའི་གནས་ཚུལ་དང་དུས་བཅད་ལྟར་བརྟག་དཔྱད་བྱས་མིན། རོགས་སྐྱོབ་མ་དངུལ་དུས་ཐོག་ཏུ་འབྱོར་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཁོ་མོ་ཚོས་སྤྲོ་སྣང་གིས་འཚོ་བ་རོལ་བ་དང་སྨན་བཅོས་ལ་མཐུན་སྦྱོར་བཟང་བོ་བྱེད་དགོས་པའི་སྐུལ་མ་བཏང་སྟེ་ནད་གཞི་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་དང་སྙིང་སྟོབས་བསྩལ།
ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་ཕོག་པའི་ནད་པའི་རོགས་སྐྱོབ་བྱ་བ་དེ་བུད་མེད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བུད་མེད་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་པའི་དོན་ཆེན་དུ་བརྩིས་ཏེ་དམ་འཛིན་བཟང་བོ་བྱས་ནས། 2024ལོར། ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་ནོར་སྲིད་ཐིན་གྱི་འབྲས་སྐྲན་གཉིས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་གསུམ་བརྩོན་ལེན་བྱས་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་དབྱང་ཆེད་དོན་རྒྱན་འཛིན་སྤྱི་ཕན་མ་དངུལ་གྱིས་ཡོང་འབབ་དམའ་བའི་འབྲས་སྐྲན་གཉིས་ཕོག་པའི་བུད་མེད་ལ་རོགས་སྐྱོར་བྱེད་པའི་ལས་གཞི་བརྩོན་ལེན་བྱས་ཏེ་ཡོང་འབབ་དམའ་བའི་འབྲས་སྐྲན་གཉིས་ཕོག་པའི་བུད་མེད་བརྒྱ་དང་བརྒྱད་ལ་རོགས་སྐྱོབ་རེ་ཞུ་བྱས་པ་དང་། མི་རེ་ལ་སྒོར་ཁྲི་གཅིག་གི་རོགས་སྐྱོབ་མ་དངུལ་ཐོབ།
གོ་རིམ་རྗེས་མར། ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་ཡུལ་ཚོའི་དཀའ་ཁག་ཡོད་པའི་བུད་མེད་ཀྱི་བདེ་ཐང་གནས་ཚུལ་ལ་དོ་སྣང་བཟང་བོ་བྱེད་པ་དང་རོགས་སྐྱོབ་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། སྲིད་ཇུས་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཀའ་ཁག་ཡོད་པའི་བུད་མེད་སྔར་ལས་མང་པོར་བརྩེ་བ་དང་རོགས་སྐྱོར་འདོན་སྤྲོད་བྱས་ནས། ཁོ་མོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲོད་ཁོལ་མྱོང་དུ་བཅུག་སྟེ་སྙིང་སྟོབས་ཆེན་པོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་རྒྱབ་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།