ཉེ་ལམ། རྒྱལ་ཁབ་ནོར་སྲིད་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་བརྡ་ཐོ་པར་འགྲེམ་བྱས་ཏེ་ཉིས་སྟོང་ཉེར་བཞི་ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་གཞུང་སྒྲུབ་སྨན་ཁང་གི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་ལས་གཞིའི་འགྲན་རྩོད་རང་བཞིན་གྱི་དཔྱད་བཤེར་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལ་ཉིས་སྟོང་ཉེར་བཞི་ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་གཞུང་སྒྲུབ་སྨན་ཁང་གི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་ལས་གཞི་ཐོབ།
ཀྲུང་དབྱང་ནོར་སྲིད་ཀྱིས་གཞུང་སྒྲུབ་སྨན་ཁང་གི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་ལས་གཞི་ནི་ནོར་སྲིད་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སན་མེང་གྲོང་ཁྱེར་གྱི་སྨན་བཅོས་བཅོས་སྒྱུར་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས་གཞུང་སྒྲུབ་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གཙོ་བོར་གྲོང་ཁྱེར་དང་རྫོང་རིམ་པའི་གཞུང་སྒྲུབ་སྨན་ཁང་གི་བརྟག་བཅོས་ནུས་པ་མཐོར་འདེགས་་གཏོང་བ་དང་རིག་སྟོབས་སྨན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྨན་རིན་ལུགས་མཐུན་མིན་པར་ཇེ་མཐོར་འགྲོ་བ་ཚོད་འཛིན་བྱེད་པ་སོགས་ཀྱི་ནང་དོན་འདུས་ཡོད། ལས་གཞི་དེའི་ལག་བསྟར་དུས་ཡུན་ལོ་གསུམ་ཡིན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་ལྔ་ཡི་རྒྱབ་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།
ལས་གཞིའི་དཔྱད་བཤེར་གོ་རིམ་ཁྲོད་དུ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་གཞིའི་ཇུས་གཞི་ལ་དཔྱད་སྒྲུབ་ཐེངས་མང་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ཟི་ལིང་གྲོང་ཁྱེར་གྱི་གཞུང་སྒྲུབ་སྨན་ཁང་གི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ལས་གཞིའི་ལག་བསྟར་ཇུས་གཞི་ལུགས་མཐུན་སྒོས་སྒྲིག་བཟོ་བྱེད་པར་མཛུབ་སྟོན་བྱས་ཤིང་། ལོ་གཅིག་གི་ནང་ནང་རྐྱེན་འཛུགས་པ་དང་ལོ་གཉིས་ཀྱི་ནང་ཕན་འབྲས་མངོན་པར་བྱེད་པ། ལོ་གསུམ་གྱི་ནང་མ་དཔེ་གྲུབ་པར་བྱེད་པའི་བྱ་བའི་བསམ་ཕྱོགས་ལྟར། རིགས་དྲུག་གི་དཔེ་སྟོན་ལས་གཞི་ཉེར་གཅིག་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་རྫོང་རིམ་པའི་གཞུང་སྒྲུབ་སྨན་ཁང་གི་བརྟག་བཅོས་ནུས་པ་མཐོར་འདེགས་གཏོང་བར་ཤུགས་བསྣན་ནས་ཟི་ལིང་ལ་རྐང་འཛུགས་པ་དང་ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གཞུང་སྒྲུབ་སྨན་ཁང་གི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་གཞི་ཞིག་བསྐྲུན་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞིས་ལོ་གསུམ་གྱི་འབད་བརྩོན་བརྒྱུད་དེ། གཞུང་སྒྲུབ་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཚུལ་སྒྱུར་གསུམ་དང་མཐོར་འདེགས་གསུམ་མངོན་འགྱུར་བྱེད་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ། ཆུ་ཚད་མཐོ་བའི་སྨན་ཁང་གི་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་སྨན་བཅོས་ཐོན་ཁུངས་གཅིག་བསྡུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཟི་ལིང་གི་ཁྱད་ཆོས་ལྡན་པའི་གཞུང་སྒྲུབ་སྨན་ཁང་གི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།