ཉེ་ལམ། ཀྲེ་ཅང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གིས་གདན་དྲངས་པ་ལྟར། ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཁོངས་གཏོགས་བྱིས་པའི་སྨན་ཁང་གི་སྨན་བཅོས་རུ་ཁག་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དུ་ཡོང་ནས། ས་གནས་ཀྱི་བྱིས་པ་རྣམས་ལ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཞིབ་བཤེར་སོགས་བྱ་འགུལ་སྤེལ།
ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཀྲེ་ཅང་དང་མཚོ་སྔོན་ཁྱིམ་ཚང་གཅིག་ཡིན་པའི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་ནུབ་ཀྱི་མང་ཚོགས་རྣམས་ཀྱིས་རང་ས་གནས་སུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱེད་པའི་ཆེད་དུ་རེད། ནད་པའི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་ད་རུང་ཆེད་དོན་མ་དངུལ་བཏང་ནས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་པའི་ནད་པ་དག་ལ་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས། བྱ་འགུལ་སྐབས་སུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་མཚོ་ནུབ་ཁུལ་གྱི་བྱིས་པ་སུམ་ཅུ་ལྷག་ལ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཞིབ་བཤེར་བྱས་པར་མ་ཟད། དེའི་ནང་གི་བྱིས་པ་བདུན་ལ་བར་འཇུག་གཤགས་བཅོས་བྱས།
མཚོ་ནུབ་ཁུལ་མཐོ་སྒང་དུ་གནས་ཤིང་། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་ཚད་ཅུང་མཐོ་ལ། བྱིས་པ་མང་པོ་ཞིག་ལ་དུས་ལྟར་སྨན་བཅོས་བྱེད་མ་ཐུབ་པའི་དབང་གིས་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲེ་ཅང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་འཇོན་མི་གསོ་སྐྱོང་དང་རིག་གཞུང་ཚན་ཁག་འཛུགས་སྐྲུན། རྒྱང་བསྟེན་སྨན་བཅོས། འཁོར་སྐྱོད་དོ་དམ་སོགས་ཕྱོགས་མང་པོར་ཤུགས་བསྣན་ནས་རོགས་སྐྱོར་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་ཐབས་བརྒྱུད་དེ། ས་གནས་ཀྱི་བརྟག་བཅོས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་སྟབས་བདེ་ཡིན་པའི་བདེ་ཐང་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།