རང་ཁྱིམ་དུ་ཁྲག་ཤེད་འཇལ་སྐབས་ཡིད་གཟབ་བྱེད་དགོས་པ་འགའ།
2024.10.28 ཁུངས། ལྷོ་ཁའི་འགྲེམས་བསྒྲགས། ཀློག་གྲངས། 14

རང་ཁྱིམ་དུ་ཁྲག་ཤེད་འཇལ་སྐབས་ཡིད་གཟབ་བྱེད་དགོས་ས་གང་དག་ཡོད་དམ། དེའི་ཐད་པེ་ཅིང་སློབ་གྲྭ་ཆེན་མོ་མི་དམངས་སྨན་ཁང་སྙིང་དང་ཁྲག་རྩའི་ཁོག་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ལེའུ་ཅན་གྱིས་བཤད་པ་ལྟར་ན།

གཅིག་ནས་ཚད་ལྡན་གྱི་ཁྲག་ཤེད་འཇལ་ཆས་འདེམ་དགོས། རྒྱལ་ཁབ་ཀྱི་བདེན་དཔང་ཚད་གཞི་དང་མཐུན་པའི་ཁྲག་ཤེད་འཇལ་ཆས་ཡིན་དགོས།

གཉིས་ནས་ཁྲག་ཤེད་འཇལ་སྐབས་སེམས་ལྷོད་ལ་བབས་ནས་འཇལ་དགོས། ཁྲག་ཤེད་མ་འཇལ་གོང་གི་ཆུ་ཚོད་ཕྱེད་ཀའི་ནང་འཚིག་ཇ་སོགས་འཐུང་མི་རུང་བ་དང་། ལྟོས་བཅས་ཀྱིས་ལྷིང་འཇགས་ཀྱི་ཁོར་ཡུག་ཏུ་སྐར་མ་ལྔ་ཙམ་ངལ་གསོས་རྗེས་ཁྲག་ཤེད་འཇལ་དགོས།

གསུམ་ནས་ཁྲག་ཤེད་འཇལ་ཐེངས་མི་འདྲ་བའི་མཇུག་འབྲས་ཡོངས་སུ་གཅིག་པ་མིན་པས། རབ་ཡིན་ན་སྔ་ཕྱིར་ཐེངས་གསུམ་འཇལ་དགོས་པ་དང་། དེའི་ནང་གི་ཆ་སྙོམས་གྲངས་ཀ་དེ་གཞི་འཛིན་སར་བྱས་ཆོག

གལ་ཏེ་ཁྱེད་ཀྱིས་ཁྲག་ཤེད་གཅོག་པའི་སྨན་གསར་དུ་འཐུང་བ་ཡིན་ན། བསྟུད་མར་ཉིན་བདུན་ལ་ཁྲག་ཤེད་འཇལ་དགོས་པ་དང་། གལ་ཏེ་ཁྲག་ཤེད་ལྟོས་བཅས་ཀྱིས་བརྟན་པོ་ཡིན་ན། དེ་ནས་གཟའ་འཁོར་གཅིག་ལ་ཐེངས་གཉིས་འཇལ་ན་ཆོག་པ་ཡིན། དེ་ལྟར་ཉིན་རེའི་ཁྲག་ཤེད་ཀྱི་མཐོ་དམའ་ཐོ་འགོད་བྱ་དགོས་པ་དང་། སྨན་ཁང་དུ་འགྲོ་སྐབས་སྨན་པར་རང་ཉིད་ཀྱིས་ཁྲག་ཤེད་འཇལ་བའི་ཟིན་ཐོ་དེ་དག་བསྟན་ན་སྨན་པས་སྨན་བཅོས་ཀྱི་ཇུས་གཞི་དང་ཕན་འབྲས་ཐད་ལྟ་ཞིབ་དང་ལེགས་སྒྲིག་བཟང་བོ་བྱེད་ཐུབ།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།