ཉེ་ལམ། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ལིས་ཝན་ཧྥེང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མིན་ཧོ་རྫོང་གི་སྨན་བཅོས་སྡེ་ཁག་གིས་འཇོན་མི་བསྡུ་བའི་ནང་རྐྱེན་གསར་སྐྲུན་བྱས་པ་བརྒྱུད་དེ། རྫོང་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ཐད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཕུལ་བྱུང་གི་ཕྱོགས་སུ་བསྐྱོད་པའི་ཐོད་བརྒལ་གསར་པ་མངོན་འགྱུར་བྱུང་།
རྒྱུས་ལོན་བྱུང་བ་ལྟར་ན། མིན་ཧོ་རྫོང་མི་དམངས་སྨན་ཁང་གིས་སྙིང་རྩའི་ཁོང་ནད་ཚན་ཁག་དང་གཅིན་ཟགས་ཕྱི་ནད་ཚན་ཁག་སོགས་ཀྱི་མི་འདང་སར་རྐང་བཙུགས་ཏེ་ཏ་ལེན་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་དང་ཝུའུ་ཞི་གྲོང་ཁྱེར་མི་དམངས་སྨན་ཁང་དགུ་པའི་ཆེད་ལས་འཇོན་མི་སུམ་ཅུ་གདན་དྲངས་ནས་སྙིང་རྩའི་ཁོང་ནད་ཚན་ཁག་སོགས་ཆེད་ལས་ཚན་ཁག་གི་མཉམ་འབྲེལ་བྱེད་ཐབས་ལག་བསྟར་བྱས། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དྲུག་པར་པྲོག་དབྱིབས་འཕར་རྩ་བརྙན་བཟོ་དང་པྲོག་རྩ་སྒྲོམ་གཞི་སྤོ་འཛུགས་ལག་རྩལ་བདེ་བླག་ངང་སྤེལ་བ་དེ་མཚོ་ཤར་གྲོང་ཁྱེར་གྱི་གསར་གཏོད་ཐོག་མ་ཡིན་པར་མ་ཟད། རང་ས་གནས་ཀྱི་སྙིང་རྩའི་ཁོང་ནད་ཚན་ཁག་གི་སྨན་པ་གཉིས་གསོ་སྐྱོང་བྱས། མིན་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གིས་སྤྱིར་བཏང་གི་ཕྱི་ནད་ཚན་ཁག་དང་མོ་ནད་ཚན་ཁག་སོགས་ཀྱི་བརྟག་བཅོས་གཤགས་བཅོས་ལག་རྩལ་གྱི་མི་འདང་ས་གཅིག་བསྡུས་བྱས་ཏེ་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་དང་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་། པེ་ཅིང་ཐེན་ཐན་སྨན་ཁང་བཅས་དང་མཐུན་སྦྱོར་བཟང་བོ་བྱས་ཏེ་མིང་དུ་གྲགས་པའི་ཆེད་ལས་ཤེས་ལྡན་མི་སྣ་ཉི་ཤུ་གདན་དྲངས་ནས་སྨན་བཅོས་ཞབས་ཞུ་སྤེལ་ནས་ནད་པ་རྣམས་ཀྱིས་རང་ས་གནས་ནས་སྨན་བཅོས་ཞབས་ཞུ་བཟང་བོ་མྱོང་ཐུབ་པར་བྱས།
དེ་མིན། མིན་ཧོ་རྫོང་མི་དམངས་སྨན་ཁང་སོགས་སྨན་བཅོས་སྡེ་ཁག་གིས་བསླབ་ཚན་གཙོ་བོ་སོགས་ལ་དམིགས་ནས་སྨན་བཅོས་མི་སྣ་དྲུག་ཅུ་ལྷག་ཝུའུ་ཞི་གྲོང་ཁྱེར་དང་ཀོང་ཀྲིག་གྲོང་ཁྱེར་སོགས་ཞིང་ཆེན་ཕྱི་ནང་གི་སྨན་ཁང་དུ་ཟབ་སྦྱོང་སློབ་སྦྱོང་བྱེད་དུ་འདམ་མངགས་བྱས་ཤིང་། དེ་དང་མཉམ་དུ། ཆེད་ལས་ཤེས་ལྡན་མི་སྣ་གདན་དྲངས་ནས་བཤད་རོགས་ཁྲིད་གསུམ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ་མིན་ཧོ་རྫོང་གི་སྙིང་རྩའི་ཁོང་ནད་ཚན་ཁག་དང་མོ་ནད་དང་བུ་སྐྱེ་ཚན་ཁག རུས་པའི་ཕྱི་ནད་ཚན་ཁག་སོགས་ཚན་ཁག་གི་བརྟག་བཅོས་ཞབས་ཞུའི་ཐད་རང་ས་གནས་ཀྱི་ལས་སྒོའི་རྐང་འཛིན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།