བང་མས་གནས་ཚུལ་ཅི་འདྲའི་འོག་ཏུ་བྱིས་པར་ནུ་མ་བསྣུན་མི་རུང་ཞེ་ན།
གཅིག འདུས་འདྲིལ་ནད་བྱུང་བའི་བང་མ། ལྷག་པར་དུ་འདུས་འདྲིལ་འགུལ་སྐྱོད་སྐབས་སུ་ནུ་མ་བསྣུན་ན་མི་བཟང་། སྐབས་དེར་ནུ་མ་བསྣུན་ན་བྱིས་པའི་བདེ་ཐང་ལ་གནོད་པར་མ་ཟད། བང་མ་རང་ཉིད་ཀྱི་ནད་སོས་པར་ཡང་ཕན་པ་མེད།
གཉིས། སྙིང་ནད་དང་མཁལ་ནད། གཅིན་སྙི་ཟ་ཁུའི་ནད་ཚབས་ཆེན་ཡོད་པའི་བང་མས་ཀྱང་བྱིས་པར་ནུ་མ་བསྣུན་ན་མི་བཟང་། ནད་དེ་དག་ཡོད་མཁན་གྱི་བང་མའི་ལུས་ཕུང་མ་གཞི་ནས་ཞན་པས་ནུ་མ་བསྣུན་ན་མ་བུ་གཉིས་ཀའི་བདེ་ཐང་ལ་ཧ་ཅང་མི་བཟང་།
གསུམ། སྨྱོ་ནད་བྱུང་ཡོད་པའི་བང་མས་བྱིས་པར་ནུ་མ་བསྣུན་མི་འོས། དེས་བྱིས་པར་ལྟ་སྐྱོང་བྱེད་མི་ནུས་པ་མ་ཟད། བྱིས་པའི་བདེ་འཇགས་ལ་ཉེན་ཁ་བཟོ་བ་རེད།
བཞི། མཆིན་ནད་བྱུང་ཡོད་པའི་བང་མས་བྱིས་པར་ནུ་མ་བསྣུན་མི་རུང་། དེས་ནུ་ཞོི་བརྒྱུད་དེ་བྱིས་པར་ནད་འགོ་སྲིད་པར་མ་ཟད། བྱིས་པར་འོ་བྱེད་པ་དང་ཟས་ལྡད་ནས་དེ་བས་ཀྱང་སྟེར་མི་རུང་།
ལྔ། ནུ་རྨེན་ཚ་ནད་སོགས་ཕོག་ཡོད་མཁན་གྱི་བང་མས་བྱིས་པར་ནུ་མ་བསྣུན་མི་རུང་ལ། བྱིས་པ་བཙའ་སྐབས་མངལ་ནས་ཁྲག་ཤོར་བ་མང་དྲགས་པའི་བང་མས་ལུས་ཟུངས་ཞན་པས་བྱིས་པར་ནུ་མ་མ་བསྣུན་ན་བཟང་།
དྲུག བང་ནང་དུ་སྐྱེ་ལྡན་ལིན་དང་ཧ་ཡང་སོགས་བཟོ་ལས་དུག་ལྡན་དངོས་རྫས་ལ་རེག་མཁན་གྱི་ནུ་ཞོའི་ནང་དུ་དུག་ལྡན་དངོས་རྫས་དེ་དག་འདུས་ཡོད་ཀྱང་སྲིད་པས། བྱིས་པས་ནུས་ན་བདེ་ཐང་ལ་གནོད་པ་ཡིན། དེ་བས། གོང་གི་གནས་ཚུལ་ཡོད་ན་བྱིས་པར་ནུ་མ་མ་བསྣུན་ན་བཟང་།
ནུ་མ་བསྣུན་མི་རུང་བའི་བང་མས་ནུ་ཞོ་འབབ་མཚམས་བཅད་དེ་ནུ་མའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ནུ་མ་བསྣུན་ཆོག་མིན་ལ་དཔྱད་བསྡུར་བྱེད་སྐབས་ཅིས་ཀྱང་བཙས་གཞུག་གི་དུས་ཚོད་ཞེ་བརྒྱད་ནང་སྨན་པའི་ངག་ལྟར་ནུ་ཞོ་མི་འབབ་པའི་སྨན་བསྟེན་ནས་ནུ་ཞོ་བབས་ནས་ནུ་མ་སྐྲངས་པའི་སྡུག་བསྔལ་མེད་པར་བྱེད་དགོས། དེ་མིན་སྨན་འཐུང་ནས་ནུ་ཞོ་འབབ་མཚམས་བཅད་ཆོག་པ་ཡིན།
ནུ་ཞོ་འབབ་མཚམས་བཅད་པའི་བང་མས་བྱིས་པར་ནུ་འགོ་ནུ་རུ་འཇུག་མི་རུང་ལ། ལྷག་པར་དུ་མོ་སྐུལ་རྩི་བཀོལ་ཏེ་ནུ་ཞོ་འབབ་མཚམས་བཅད་པའི་བང་མས་ནུ་རུ་འཇུག་མི་རུང་། རྒྱུ་མཚན་ནི་དེའི་ནུ་ཞོའི་ནང་དུ་སྐུལ་རྩི་འདུས་ཡོད་པས། བྱིས་པའི་ལུས་སྟེང་ལ་ཞུགས་ཚེ་བུ་མོ་ཡིན་ན་ལང་ཚོའི་དུས་ཀྱི་སྐྱེ་ལམ་རྨེན་བུའི་ནད་འབྱུང་བའི་ཉེན་ཁ་ཡོད། ནུ་མ་སྐྲངས་པ་ཚབས་ཆེ་ན་དྲོད་དུག་རྒྱབ་ཆོག་ལ། ཡང་ན་ལག་མཐིལ་གྱིས་འཕུར་གཉེད་བྱེད་པ་སོགས་བྱས་ནས་ནུ་མའི་རྨེན་བུའི་ཚ་ནད་སོགས་འདུས་ནད་འབྱུང་བ་སྔོན་འགོག་བྱེད་དགོས།
གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།