དབུགས་ལམ་ནད་རིགས་སྔོན་འགོག་བྱེད་ཐབས་སྐོར།
2024.10.29 ཁུངས། ཀློག་གྲངས། 17

ལོ་རེའི་ཟླ་བཅུ་པའི་ཟླ་དཀྱིལ་དང་ཟླ་སྨད་ནས་འགོ་བརྩམས་ཏེ་དགུན་དཔྱིད་དུས་ཀྱི་ཆམ་རིམས་འབྱུང་བའི་དུས་སུ་སླེབས་པ་ཡིན་ལ།   དབུགས་ལམ་གྱི་ནད་རིགས་གཞན་པ་ཡང་དེ་དང་མཉམ་དུ་འབྱུང་བཞིན་ཡོད།     ང་ཚོས་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་རང་ཉིད་དང་ཁྱིམ་མིའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཟེར་ན།

མི་སྣ་འདུ་འཛོམས་བྱེད་སར་འགྲོ་ཚད་ཇེ་ཉུང་དུ་གཏོང་དགོས།

མི་སྣ་འདུ་འཛོམས་བྱེད་ས་དང་ལྷག་པར་དུ་མཁའ་དབུགས་ཀྱི་རྒྱུ་བ་མི་བཟང་བའི་གནས་ནི་དབུགས་ལམ་ནད་རིགས་འབྱུང་ཚད་མཐོ་བའི་གནས་ཡིན།   སློབ་གྲྭ་དང་བྱིས་སྐྱོང་ཁང་། རྒན་གསོ་ཁང་སོགས་མི་ཚོགས་འདུ་ས་དང་།   ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར།  གནམ་གྲུ་སོགས་མི་ཚོགས་འདུ་སའི་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད།   དེ་མིན།  སྨན་ཁང་དང་སྒོ་བསྟེན་ཁང་སོགས་སྨན་བཅོས་སྡེ་ཁག   གློག་བརྙན་ཁང་དང་ཟ་ཁང་སོགས་མི་ཚོགས་འདུ་སར་དབུགས་ལམ་གྱི་ནད་རིགས་འགོ་བར་ལྷག་ཏུ་དོ་སྣང་བྱེད་དགོས།

དབུགས་ལམ་གྱི་ནད་རིགས་འབྱུང་ཚད་མཐོ་བའི་དུས་སུ།   མི་སྒེར་གྱི་འཕྲོད་བསྟེན་ལ་ཤུགས་སྣོན་དགོས།

གཅིག   རྒྱུན་དུ་འདག་རྫས་སོགས་བཀོལ་ནས་ལག་པ་གཙང་མར་བཀྲུས་ཏེ་ལག་པའི་གཙང་སྦྲར་དོ་སྣང་བྱེད་དགོས།

གཉིས།   གློ་ལུ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས།   ཤོག་བུས་ཁ་སྣ་འགེབ་དགོས་ལ།  སྤྱད་ཟིན་པའི་ཤོག་བུ་སོགས་གད་སྙིགས་རྣམས་འགྱིག་ཤོག་ནང་བཅུག་ནས་དུས་ལྟར་ཐག་གཅོད་བྱེད་དགོས།

གསུམ།    ལག་པས་གང་འདོད་དུ་མིག་དང་སྣ་ལ་རེག་མི་རུང་།

བཞི།   དབུགས་ལམ་གྱི་ནད་ཡོད་པའི་ནད་པ་དང་འབྲེལ་འདྲིས་མི་བྱེད་པ་དང་།   མི་ཚོགས་འདུ་སར་འགྲོ་སྐབས་ཁ་ཐུམ་རྒྱག་དགོས།

ལྔ།   ཕྱི་རོལ་གྱི་དྲོད་ཚད་འོས་འཚམ་ཡིན་པའི་གནས་ཚུལ་འོག་ཏུ།   སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་བཅུག་སྟེ།  ཁང་བའི་ནང་གི་མཁའ་དབུགས་གཙང་མ་ཡོང་བར་བྱེད་དགོས།

དུས་ཐོག་ཏུ་འགོག་སྨན་རྒྱག་དགོས།  ཆམ་རིམས་ཀྱི་འགོག་སྨན་རྒྱག་རྒྱུ་ནི་ཆམ་རིམས་སྔོན་འགོག་དང་།   ཆམ་རིམས་དང་འབྲེལ་བའི་ནད་གཞི་ལྕི་མོའི་རིགས་བྱུང་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།    གཙོ་གནད་མི་ཚོགས་དང་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་དུས་ལྟར་ཆམ་རིམས་སོགས་དབུགས་ལམ་ནད་རིགས་ཀྱི་འགོག་སྨན་བརྒྱབ་སྟེ་འགོས་ཚད་ཇེ་ཉུང་དུ་གཏོང་བའམ་ཡང་ན་འགོས་རྗེས་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་སྔོན་འགོག་བྱེད་དགོས།   གློ་ཚད་ཟླུམ་སྲིན་འགོག་སྨན་རྒྱབ་མེད་པའི་ལོ་རེ་ལྔའི་ཡན་གྱི་རྒན་པ་རྣམས་ཀྱིས་སྔ་མོ་ནས་གློ་ཚད་ཟླུམ་སྲིན་འགོག་སྨན་རྒྱག་དགོས་པ་དང་།    གལ་ཏེ་བརྒྱབ་ཟིན་ན།   ལོ་ལྔའི་རྗེས་སུ་ཡང་བསྐྱར་རྒྱག་ཆོག་པ་ཡིན།

དེ་མིན། ཆམ་རིམས་སྔོན་འགོག་བྱེད་ཐབས་ཐད་ད་རུང་གཤམ་གྱི་གནད་འགའ་ཡོད་དེ།

གཅིག ཆུ་ཚ་མོའི་ནང་དུ་རྐང་པ་སྦོང་དགོས། རྒྱུན་དུ་ཆུ་ཚ་མོའི་ནང་དུ་རྐང་པ་སྦོང་དགོས་པ་དང་། དེ་ལྟར་བྱས་ན་སྔོན་འགོག་གི་ནུས་པ་བཟང་བོ་ཐོན་སྲིད།

གཉིས། ཆུ་ཁོལ་མང་ཙམ་འཐུང་དགོས།དགུན་དུས་སྐམ་ཤས་ཆེ་བས་ཆུ་ཁོལ་མང་ཙམ་འཐུང་དགོས་ཤིང་། འདི་ལྟར་བྱས་ཚེ་ལུས་སྟེང་གི་དུག་རྒྱུ་གཅིན་པ་དང་མཉམ་དུ་ཕྱིར་ཐོན་པར་ཕན་པ་ཆེན་པོ་ཡོད།

གསུམ། ཆུ་གྲང་མོས་གདོང་པ་བཀྲུ་དགོས།ཆུ་གྲང་མོས་གདོང་པ་བཀྲུས་ན་པགས་པའི་ནང་གི་ཁྲག་འཁོར་རྒྱུག་དེ་བས་བཟང་བོ་ཡོང་ཐུབ་པས། ནད་འགོག་ནུས་པ་སྔར་བས་ཇེ་བཟང་དུ་འགྲོ་བ་ཡིན།

བཞི། ལག་པ་འཕུར་དགོས།རྒྱུན་དུ་ལག་པ་འཕུར་འཕུར་བཏང་ན་ཁྲག་གི་འཁོར་རྒྱུག་ལ་ཕན་པ་ཡོད་ལ། དབུགས་ལམ་གྱི་ནད་འགོག་ནུས་པ་ཆེ་རུ་འགྲོ་བར་ཡང་ཕན་པ་ཆེན་པོ་ཡོད།

ལྔ། ཚྭ་ཆུས་ཁ་བཤལ་དགོས།ཚྭ་ཆུ་ནི་རང་བྱུང་གི་དུག་སེལ་ཡོ་བྱད་ཅིག་ཡིན་ཞིང་། ཁྱེད་ལ་ཆམ་པ་བྱུང་གྲབས་ཡོད་དུས། ཚྭ་ཆུས་ཁ་བཤལ་ཐེངས་འགའ་བྱས་ན། ཆམ་ནད་སྔོན་འགོག་ཡག་པོ་བྱེད་ཐུབ།

དྲུག ལུས་སྦྱོང་འོས་འཚམ་བྱེད་དགོས། ལུས་སྦྱོང་འོས་འཚམ་བྱས་ཚེ་མིའི་ལུས་པོའི་རྙིང་ཚབ་གསར་འབྱེད་ཡག་པོ་ཡོང་བར་མ་ཟད། ཆམ་ནད་སྔོན་འགོག་བྱེད་ཐུབ།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།