ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་དུས་སྐབས་དང་པོའི་འཛུགས་སྐྲུན་ལས་གཞིའི་གྲུབ་ཚུལ་གཙོ་བོའི་བྱ་བ་ཡོངས་འགྲུབ་བྱས།
མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་དུས་སྐབས་དང་པོའི་འཛུགས་སྐྲུན་ལས་གཞི་ནི་ཁུལ་ཁོངས་ནང་གི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོར་འདེགས་གཏོང་བ་དང་ནད་པས་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་པ། ནད་པ་རྣམས་ཞིང་ཆེན་ཕྱི་རུ་སོང་ནས་སྨན་བཅོས་བྱེད་པའི་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཉིས་སྟོང་ཉེར་བཞི་ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་དངོས་སུ་ལས་འགོ་བརྩམས་པ་དང་། ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་རྨིད་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་ལྔ་ཡོད་པའི་གྲུབ་ཚུལ་གཙོ་བོའི་བྱ་བ་ཡོངས་འགྲུབ་བྱས།
མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་འགོ་གཙོ་ལིན་ཞོན་གྱིས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཐེངས་འདིའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིགས་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུའི་དོན་ཆེན་ཞིག་ཡིན་ཞིང་། ཁུལ་ཁོངས་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་དང་ཀྲུང་ལུགས་གསོ་རིགས་ལས་དོན་རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིགས་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་དུས་སྐབས་དང་པོའི་འཛུགས་སྐྲུན་ལས་གཞི་དེ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་རྨ་ཙོང་ཁུལ་གསར་དུ་གནས་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་ལྔ་ཡོད། ས་ངོས་སུ་ཐོག་རྩེག་བཅུ་དང་ས་འོག་ཏུ་ཐོག་རྩེག་གཅིག་བཅས་བསྡོམས་པས་ཐོག་རྩེག་བཅུ་གསུམ་ཡོད་པ་དང་། མལ་ཁྲི་ལྔ་བརྒྱ་བཀོད་སྒྲིག་བྱེད་པའི་འཆར་གཞི་ཡོད། ལས་གཞིའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས། སྨན་བཅོས་དང་སློབ་ཁྲིད། གསོ་རིག་ཚན་ཞིབ་བཅས་བྱེད་ནུས་གཙོ་བོ་ཡིན་པ་དང་། རྒྱང་བསྟེན་བརྟག་བཅོས་སློབ་ཁྲིད་དང་ནད་ཐོག་རྩལ་ནུས་གསོ་སྦྱོང་། ཁམས་གསོའི་གསོ་རིག ཀྲུང་ལུགས་གསོ་རིག་ཞིབ་འཇུག་རྣམ་པའི་སྒོ་བསྟེན་དང་ནད་ཁང་། ཀྲུང་ལུགས་གསོ་རིག་གི་ནད་ཐོག་ཞིབ་འཇུག་ལྟེ་གནས། འཇོན་མི་གསོ་སྐྱོང་རྟེན་གཞི། སྨན་བཅོས་གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས་ཀྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཤིག་ཡིན་ལ། དེས་རྒྱ་ཆེའི་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།