མཚོ་སྔོན་ཞིང་ཆེན་རྟ་ཐང་རྫོང་དམངས་སྲིད་ཅུའུ་ཡིས་བྲེལ་མྱུར་རང་བཞིན་གྱི་ནད་བྱུང་བའི་ནད་པ་ཞིག་ལ་བྲེལ་མྱུར་རོགས་སྐྱོར་མ་དངུལ་སྒོར་ཁྲི་གསུམ་བྱིན།
2024.11.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་བའི་ཚུན་ལ། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དམངས་སྲིད་ཅུའུ་ཏང་ཙུའུ་ཡིས་རང་འགན་གཙང་སྒྲུབ་བྱས་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམ་པོར་དམིགས་ཏེ་མང་ཚོགས་ཀྱི་ཆེད་དུ་དོན་བཟང་དང་དོན་དངོས་མང་པོ་བསྒྲུབས།

ཉེ་ལམ།   རྟ་ཐང་རྫོང་དམངས་སྲིད་ཅུའུ་ཡི་ལས་བྱེད་མི་སྣ་རྣམས་ཅི་ལུ་ཡུལ་ཚོ་ཅི་ལཱ་ཧི་ཀྲོང་སྡེ་བའི་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱེད་པའི་གོ་རིམ་ཁྲོད་དུ།  སྡེ་བ་དེའི་སྡེ་མི་མཱ་ག་གེ་མོར་བྱིས་པ་བཙས་རྗེས་གློ་བུར་དུ་སྙིང་འགྲོས་རྒྱུན་ལྡན་མིན་པ་སོགས་ཀྱི་ནད་བྱུང་སྟེ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གི་ནད་པ་ལྕི་མོའི་ལྟ་སྐྱོང་ཁང་དུ་བསྡད་ནས་སྨན་བཅོས་བྱས་པར་སྨན་རིན་མང་པོ་ཤོར་བ་དང་།  དེའི་ནང་གི་སྨན་རིན་སྒོར་ཁྲི་དྲུག་སྤྲད་ཟིན་པ་དང་། སྒོར་ཁྲི་དགུ་དང་སྟོང་དྲུག་ཆད་ཡོད་ལ།  ད་རུང་སྨན་རིན་མང་པོ་སྤྲོད་དགོས་པའི་གནས་ཚུལ་ཤེས་རྗེས།   ལས་བྱེད་མི་སྣ་རྣམས་ཀྱིས་རང་འགུལ་གྱིས་མཱ་ག་གེ་མོར་བྲེལ་མྱུར་དཀའ་ཁག་ཡོད་པའི་རོགས་སྐྱོར་མ་དངུལ་རེ་ཞུ་བྱས་པ་དང་།   རྟ་ཐང་རྫོིང་དམངས་སྲིད་ཅུའུ་ཏང་ཙུའུ་ཡིས་དུས་ཐོག་ཏུ་ཞིབ་འཇུག་བྱས་པར་མ་ཟད།  མཱ་ག་གེ་མོར་བྲེལ་མྱུར་དཀའ་ཁག་ཡོད་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་གསུམ་བྱིན།

མཱ་གེ་གོར་རོགས་སྐྱོར་བྱས་པའི་གནས་ཚུལ་འདི་བརྒྱུད་དེ།  བྲེལ་མྱུར་དཀའ་ཁག་ཡོད་པའི་ཁྱིམ་ཚང་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་སྙན་ཞུ་བྱེད་པ།  སྔ་མོ་ནས་རོགས་སྐྱོར་བྱེད་ཐུབ་པར་བྱས་ཏེ་ཆ་རྐྱེན་དང་འཚམ་པའི་དཀའ་ཁག་ཡོད་པའི་ཁྱིམ་ཚང་དག་སྤྱི་ཚོགས་རོགས་སྐྱོར་འགན་སྲུང་གི་ཁྱབ་ཁོངས་ནང་བཅུག་ནས་སྤྱི་ཚོགས་རོགས་སྐྱོར་ཐད་ཆད་ལུས་གཅིག་ཀྱང་མེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་མཚོན་ཡོད།

རྟ་ཐང་རྫོང་དམངས་སྲིད་ཅུའུ་ཡིས་ཕྱོགས་མང་མཐུན་སྦྱོར་སོགས་ཀྱི་གཞི་རིམ་སྟེགས་བུའི་ཞབས་ཞུའི་བྱེད་ཐབས་བཙུགས་ཏེ་རོགས་སྐྱོར་བྱེད་ཡུལ་གནད་ལ་འཁེལ་བར་བྱས་ནས་ཕན་ནུས་མཐོ་བའི་རོགས་སྐྱོར་དང་གནད་འཁེལ་རོགས་སྐྱོར་མངོན་འགྱུར་བྱས།  དེར་མ་ཟད།  དམངས་སྲིད་དམངས་ལ་དགའ་བ་དང་དམངས་སྲིད་ཀྱིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་འདུ་ཤེས་རྒྱུན་འཛིན་བྱས་ཏེ།  ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་དང་རང་འགུལ་ངང་རྙེད་པ།  འགན་སྲུང་བྱེད་ཐུབ་པ་རྣམས་ལ་འགན་སྲུང་བྱེད་པ།  རོགས་སྐྱོར་བྱེད་ཐུབ་པ་རྣམས་ལ་རོགས་སྐྱོར་བྱེད་ཐུབ་པར་བྱས་ནས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལ་སྔར་ལས་ཕན་ནུས་ཡོད་པར་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།