མོ་མཚན་གྱི་ནད་དང་གསང་ལམ་ཚ་ནད་ཀྱི་ནད་རྟགས་དང་བཅོས་ཐབས་ཀྱི་སྐོར།
2024.11.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

མོ་མཚན་གྱི་ནད།

མོ་མཚན་གྱི་ནད་ནི་གཙོ་བོ་སྲིན་ཞུགས་པ་དང་འདུ་བ་འཁྲུགས་པ་སོགས་ཀྱིས་མོ་མཚན་དང་སྐྱེ་ལམ་ལ་ནད་འགྱུར་བྱུང་བའི་ནད་ཅིག་རེད།   དེའི་ནད་རྟགས་ལ་མོ་མཚན་ཕྱི་ནང་དུ་ཟ་འཕྲུག་ལངས་པ་དང་། སྐབས་རེར་ཁབ་བཙུགས་པ་ལྟ་བུའི་ན་ཟུག་ལངས་ཏེ་སེམས་འཚབ་པ།   ཁ་དོག་སེར་ནག་ཝུ་བ་ཅན་གྱི་གྲང་བ་མང་པོ་འཛག་ནས་དྲི་ངན་བྲོ་བ།   གཅིན་ཁ་སྙི་ཞིང་གཅིན་གཏོང་དུས་ན་ཟུག་ལངས་པ་སོགས་ཀྱི་སྣང་ཚུལ་འབྱུང་།    བཅོས་ཐབས་ཐད་ནས་གུར་ཁྱུང་དང་འཆི་མེད་སྲིན་སེལ། གུར་ཀུམ་བཅུ་གསུམ་སོགས་རྒྱུན་སྤྱོད་ཀྱི་སྨན་བསྟེན་པ་དང་རྒྱམ་ཚ་དང་བུལ་ཏོག་ཆུར་སྦངས་པའི་ཁུ་བས་མོ་མཚན་ཡང་ཡང་འཁྲུ་བ།  མལ་གོས་ཡང་ཡང་བརྗེ་ནས་སྒེར་གྱི་འཕྲོད་བསྟེན་དང་ཟས་སྤྱོད་ལ་དོ་སྣང་བྱེད་དགོས།

གསང་ལམ་ཚ་ནད།

གསང་ལམ་ཚ་ནད་ནི་གཙང་སྦྲ་མི་ལེགས་པ་སོགས་ཀྱི་དབང་གིས་གསང་ལམ་གཏིག་འབུ་དང་ཕྲ་སྲིན།  ཕྲེང་སྲིན་སོགས་གང་རུང་གསང་ལམ་ལ་འགོས་པ་ལས་བྱུང་བའི་ནད་ཅིག་ཡིན།   དེ་ལ་གཏིག་འབུ་གསང་ལམ་ཚ་ནད་དང་ཕྲ་སྲིན་གསང་ལམ་ཚ་ནད།  ཕྲེང་སྲིན་གསང་ལམ་ཚ་ནད་ལ་དབྱེ་ཆོག

གཏིག་འབུ་གསང་ལམ་ཚ་ནད་ལ་གསང་ལམ་ཁ་དང་ཕྱིའི་མཚན་མར་ཟ་འཕྲུག་ལངས་པ་དང་སྐབས་རེར་ཚ་བེར་བྱེད་པ།  གཟེར་བ་སོགས་ཀྱི་ནད་རྟགས་འབྱུང་ཞིང་།  སྲིན་དེའི་རིགས་ཀྱིས་ཁམས་དཀར་ཟ་བར་ནུས་པས་གཏིག་འབུ་གསང་ལམ་ཚ་ནད་ཕོག་ཡོད་པའི་དུས་སུ་མངལ་མི་ཆགས་པ་ཡིན།   ཕྲ་སྲིན་གསང་ལམ་ཚ་ནད་ཀྱི་ནད་རྟགས་གཙོ་བོ་ནི་གསང་ལམ་ནས་དྲི་ངན་བྲོ་ཞིང་མདོག་དཀར་སྐྱ་ཅན་གྱི་ཟགས་རྫས་འབྱུང་བ་ཡིན། ནད་འདི་བྱུང་བའི་ནད་པ་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་བཞི་བཅུ་ལ་ནད་རྟགས་ཆེར་མི་མངོན་ཞིང་། གསང་ལམ་འབྱར་སྐྱི་ལ་ཁྲག་རྒྱས་པ་སོགས་ཚ་བའི་རྟགས་ཀྱང་མི་འབྱུང་།   ཕྲེང་སྲིན་གསང་ལམ་ཚ་ནད་ཀྱི་ནད་རྟགས་ལ་ཕྱིའི་མཚན་མའི་གནས་སུ་ཟ་འཕྲུག་ལངས་པ་དང་ཚ་བེར་བྱེད་པ།  ཚབས་ཆེ་དུས་ཙོག་པ་དང་ཉལ་བ་གང་ཡིན་ཡང་མི་བདེ་ཞིང་ལུས་ལ་ཤིན་ཏུ་གནོད་པ་ཡིན།   དེ་མིན་གཅིན་ཁ་སྙིི་ཞིང་གཅིན་གཏོང་དུས་ཟུག་གཟེར་ལངས་པའི་རྟགས་ཀྱང་འབྱུང་།

དེ་དག་གི་བཅོས་ཐབས་ཐད་ནས་དེང་རབས་གསོ་རིག་ལྟར་ན་གཏིག་འབུ་གསང་ལམ་ཚ་ནད་ལ་དགོང་མ་རེར་ཅཱ་ཞོ་ཙོ(甲硝唑)གསང་ལམ་དུ་ཐེངས་རེ་འཇོག་དགོས་པ་དང་། ཐེངས་བཅུ་བཅོས་རིམ་གཅིག་ཡིན།  སྨན་མ་བཞག་པའི་སྔོན་ལ་འབྲེལ་ཡོད་ལ་སྨན་རྫས་བཀོལ་ནས་གསང་ལམ་གཙང་མར་བཀྲུས་ན་སྨན་ནུས་ལྷག་པར་ཐོན་པ་ཡིན།   གཏིག་འབུ་གསང་ལམ་ཚ་ནད་སོས་པའི་ཚད་ནི་ཟླ་མཚན་བབས་རྗེས་གྲང་དཀར་ལ་བརྟག་ནས་རྒྱུན་ལྡན་ཡིན་པ་དང་།  དེ་ལྟར་ཟླ་བ་གསུམ་གྱི་བརྟག་འབྲས་ཐེངས་གསུམ་ཡོངས་སུ་གཅིག་མཚུངས་ཡིན་ན་སངས་དྲག་ཏུ་སོང་བའི་རྟགས་ཡིན།   ཕྲ་སྲིན་གསང་ལམ་ཚ་ནད་ཀྱི་བཅོས་ཐབས་ནི་གོང་དང་གཅིག་མཚམས་ཡིན།  ཕྲེང་སྲིན་གསང་ལམ་ཚ་ནད་ལ་ཐོག་མར་རྐང་ཐུང་གཙང་མར་བཀྲུས་ནས་ཡང་ཡང་བརྗེ་དགོས་པ་དང་།  གསང་གནས་ཕྱི་བྱེད་ཀྱི་ལག་ཕྱིས་དང་བཀྲུ་སའི་གཞོང་བ་སོགས་ཆུ་ཁོལ་གྱིས་གཙང་མར་བཀྲུ་དགོས།   སྨན་ལ་དགོང་མ་རེར་མེས་ཁང་ཙོ(咪康唑栓剂)རིལ་བུ་རེ་གསང་ལམ་དུ་འཇོག་དགོས་པ་དང་། དེ་ལྟར་བསྟུད་མར་ཉིན་བདུན་ལ་འཇོག་དགོས།   ཡང་ན་དགོང་མ་རེར་ཁི་མའེ་ཙོ(克霉唑栓剂)རིལ་བུ་རེ་གསང་ལམ་དུ་འཇོག་དགོས་པ་དང་།  དེ་ཡང་བསྟུད་མར་ཉིན་བདུན་ལ་འཇོག་དགོས།

གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ལས་བདམས་པ་ཡིན།