གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། ཧུའུ་ནན་མིག་གཅེས་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་གཉིས་ཀྱིས་མིག་གཅེས་འགུལ་སྐྱོད་ཀྱི་སྤྱི་ཕན་ལས་གཞིའི་འཐབ་ཇུས་གྲོས་མཐུན་ཞིག་བཀོད།
གྲོས་མཐུན་ལྟར་ན། ཧུའུ་ནན་མིག་གཅེས་སྤྱི་ཕན་ཐེབས་རྩ་ཚོགས་པས་ལོ་ལྔའི་ནང་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པར་རོགས་སྐྱོར་མ་དངུལ་སྒོར་ས་ཡ་ལྔ་བྱིན་ཏེ། མཚོ་སྔོན་དང་མཐའ་འཁོར་ས་ཁུལ་གྱི་མིག་ནད་སྐྱ་རིབ་སོགས་མིག་ནད་བྱུང་ཡོད་པའི་དཀའ་ཁག་ཡོད་པའི་ནད་པའི་སྨན་བཅོས་ཐད་རོགས་སྐྱོར་བྱས་ནས་ཁོ་ཚོའི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད།
ཧུའུ་ནན་མིག་གཅེས་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་གཉིས་ཀྱིས་དགེ་མཚན་གསབ་རེས་དང་ཕན་ཚུན་བརྗེ་རེས། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལ་གཞིགས་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་རེད། ཨེ་ཨར་མིག་ནད་སྨན་ཁང་གིས་སྨན་བཅོས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་ཆེད་ལས་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ཏེ་ཁྱད་དུ་འཕགས་པའི་སྨན་བཅོས་ལག་རྩལ་དང་སྤུས་ལེགས་ཞབས་ཞུའི་ཆུ་ཚད་ལ་བརྟེན་ནས་དཀའ་ཁག་ཡོད་པའི་ནད་པ་རྣམས་ལ་བདེ་ཐང་གི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།