སྙིང་ནད་བྱུང་བའི་མིས་འགུལ་སྐྱོད་བྱེད་རུང་ངམ།
2024.11.12 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 14

མི་མང་པོ་ཞིག་གིས་སྙིང་མི་བཟང་ན་འགུལ་སྐྱོད་བྱེད་མི་རུང་བར་བསམ་བཞིན་ཡོད།  ཡིན་ཡང་དོན་དངོས་སུ་འགུལ་སྐྱོད་བྱེད་རྒྱུ་དེ་སྙིང་གི་ཁམས་གསོའི་ནང་དོན་གལ་ཆེན་ཞིག་ཡིན་པས། འོས་འཚམ་ངང་འགུལ་སྐྱོད་བྱས་ན་སྙིང་ཁམས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།

ནད་པ་རྒན་པ་ནི་སྙིང་གི་ཁམས་གསོའི་དམིགས་བསལ་གྱི་མི་ཚོགས་ཤིག་ཡིན། ན་གཞོན་ནད་པ་དང་བསྡུར་ན་ནད་པ་རྒན་པ་ལ་སྙིང་ཁམས་ཁྲག་རྩའི་ནད་ཕོག་རྗེས་སླར་སོས་འགོར་ལ་བླ་གཉན་གྱི་ནད་འབྱུང་སླ།  སྙིང་གི་ཁམས་གསོ་ནི་སྙིང་ཁམས་ཁྲག་རྩའི་ནད་པ་རྒན་པ་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན།  བདེ་འཇགས་ཀྱི་སྙིང་གི་ཁམས་གསོའི་འགུལ་སྐྱོད་ནི་སྙིང་གི་འཕར་ཚད་དང་ཁྲག་ཤེད་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་འོག་ཏུ་བྱ་དགོས་པར་མ་ཟད། སྙིང་ནད་ཕོག་པའི་ནད་པ་ཚང་མས་སྙིང་གི་ཁམས་གསོའི་འགུལ་སྐྱོད་བྱེད་ཆོག་པ་ཞིག་མིན།  དེ་བས།  ནད་པ་ཚང་མས་ངེས་པར་དུ་ནད་གཞིའི་གནས་ཚུལ་དངོས་ལ་གཞིགས་ནས་སྨན་པའི་མཛུབ་སྟོན་འོག་སྙིང་གི་ཁམས་གསོ་བསྟེན་དགོས།

སྙིང་གི་ཁམས་གསོའི་འགུལ་སྐྱོད་ལ་རིགས་གང་དག་ཡོད།

འགུལ་སྐྱོད་བྱེད་པ་ནི་སྙིང་གི་ཁམས་གསོའི་ནང་དོན་གལ་ཆེན་ཞིག་ཡིན། འགུལ་སྐྱོད་ཀྱིས་རྒན་པའི་ལུས་ཕུང་ལེགས་བཅོས་དང་འགྱེལ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་ཅིང་། སེམས་ཁམས་བདེ་ཐང་ལ་སྐུལ་འདེད་དང་སེམས་འཚབ་པའི་ཚད་ཇེ་དམའ་རུ་གཏོང་ཐུབ། གཞན་ཡང་འགུལ་སྐྱོད་ཀྱིས་ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། ཁྲག་གི་མངར་ཆ་མཐོ་བ། གཟུགས་པོ་ཚོ་ཆེ་བ་སོགས་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ལེགས་བཅོས་བྱེད་ཐུབ། ཆེད་ལས་ཀྱི་སྨན་བཅོས་མི་སྣས་ནད་པའི་ཉེན་ཁར་རིམ་པ་དབྱེ་ནས་ཉེན་ཁ་དམའ་བ་དང་ཉེན་ཁ་འབྲིང་བ། ཉེན་ཁ་ཆེ་བ་བཅས་སུ་དབྱེ་ཡོད་ལ། ནད་པས་ཀྱང་རང་གི་གནས་ཚུལ་ལ་གཞིགས་ནས་མི་སྒེར་རང་བཞིན་གྱི་འགུལ་སྐྱོད་འཆར་གཞི་བཟོ་དགོས།

སྙིང་གི་འགུལ་སྐྱོད་ཁམས་གསོའི་འཆར་གཞི་བཟོ་སྐབས་རྒན་པར་རྨང་གཞིའི་ནད་རིགས་མང་བ་དང་བླ་གཉན་མང་བ། ནད་གཞི་རྙོག་འཛིང་ཆེ་བའི་ཁྱད་ཆོས་ལ་གཞིགས་དགོས་པ་ཡིན།  རྒན་པར་འཚམ་པའི་འགུལ་སྐྱོད་བྱེད་སྟངས་གཙོ་བོ་དབྱང་ལྡན་འགུལ་སྐྱོད་དང་སྟོབས་ཤུགས་འགུལ་སྐྱོད་དང་འཐེན་རྐྱོང་སྦྱོང་བརྡར། དོ་མཉམ་དང་མཐུན་སྦྱོར་རང་བཞིན་གྱི་འགུལ་སྐྱོད་བཅས་ཡོད། བྱེ་བྲག་གི་བྱེད་ཐབས་གཤམ་གསལ་ལྟར།

གཅིག དབྱང་ལྡན་འགུལ་སྐྱོད།དེའི་ཁྲོད་དུ་འགྲོ་སྐྱོད་དང་དལ་མོར་རྒྱུག་པ། ཆུ་རྐྱལ། ལུས་རྩལ་སྦྱོང་བརྡར་སོགས་འདུས། འགུལ་སྐྱོད་དུས་ཚོད་ནི་ཐེངས་རེར་སྐར་མ20ནས40དང་། འགུལ་སྐྱོད་ཐེངས་གྲངས་གཟའ་འཁོར་རེར་ཐེངས3ནས5ཡིན།

གཉིས། སྟོབས་ཤུགས་འགུལ་སྐྱོད། དཔེར་ན་ཤེད་སྦྱོང་ལྕགས་རིལ་སོགས་ལྟ་བུ། འགུལ་སྐྱོད་ཐེངས་གྲངས་ནི་གཟའ་འཁོར་རེར་ཐེངས2ནས3དང་། ཐེངས་རེར་ཚོགས་ཆུང1ནས3་ཡིན་ལ།  ཚོགས་ཆུང་རེར་འགུལ་སྟངས10ནས15བཅས་ཡིན།

གསུམ། འཐེན་རྐྱོང་སྦྱོང་བརྡར། འགྲོས་ཚད་དལ་ཞིང་ཚོད་འཛིན་ཐུབ་པའི་ཐབས་ལ་བརྟེན་ནས་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ཇེ་ཆེར་གཏོང་དགོས། དྲག་ཚད་ནི་ཤ་གནད་འཐེན་པའི་ཚོར་བ་ཡོད་པ་ལས་ན་ཟུག་གི་ཚོར་བ་མེད་ན་ལེགས། རྒྱུན་ལྡན་གྱི་དབུགས་འབྱིན་རྔུབ་འོག་ཏུ་གནས་རེ་རེའི་འཐེན་རྐྱོང་དུས་ཚོད་རིམ་བཞིན་སྐར་ཆ30ལ་སླེབས་དགོས། གལ་ཏེ་བཟོད་ཐུབ་ན་སྐར་ཆ90ལ་འཕར་ཆོག འགུལ་སྐྱོད་ཐེངས་གྲངས་གཟའ་འཁོར་རེར་ཐེངས2ནས3ཡིན།

བཞི། དོ་མཉམ་དང་མཐུན་སྦྱོར་རང་བཞིན་གྱི་འགུལ་སྐྱོད།འགུལ་སྟངས་སྟབས་བདེ་ནས་རྙོག་འཛིང་ཆེ་བ་དང་། ཆ་ཤས་ནས་ལུས་ཡོངས་སུ་ཁྱབ་དགོས།

རྒན་པ་རྣམས་ལ་མཚོན་ན་ལུས་རྩལ་ལ་ཞུགས་རྒྱུ་དང་རྒྱུན་འཁྱོངས་བྱ་རྒྱུ་དེ་གལ་ཆེ་ཤོས་རེད། མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་འགུལ་སྐྱོད་བྱེད་སྟངས་ལེགས་སྒྲིག་བྱ་དགོས། གནས་ཚུལ་ལྟར་འགུལ་སྐྱོད་ཀྱི་དྲག་ཚད་ཇེ་དམའ་དང་འགུལ་སྐྱོད་ཀྱི་ཐེངས་གྲངས་ཇེ་མང་དུ་གཏོང་དགོས། སྟོབས་ཤུགས་འགུལ་སྐྱོད་ཀྱི་དུས་ཚོད་ཇེ་ཉུང་དུ་གཏོང་བ་དང་འཐེན་རྐྱོང་སྦྱོང་བརྡར་ཇེ་མང་དུ་གཏོང་དགོས། མི་གཉིས་སམ་གཉིས་ཡན་གྱིས་ལྷན་དུ་འགུལ་སྐྱོད་བྱས་ཚེ་རྒྱུན་འཁྱོངས་བྱེད་པར་ཕན། མཉམ་འཇོག་དགོས་པ་ཞིག་ལ་འགུལ་སྐྱོད་ཁྲོད་ཀྱི་ཡང་དག་པའི་དབུགས་འབྱིན་རྔུབ་བྱེད་ཐབས་ནི་ཤུགས་འདོན་དུས་དབུགས་འབྱིན་པ་དང་། ལྷོད་གཡེང་བྱེད་དུས་དབུགས་བརྔུབ་དགོས། དབུགས་སྒོམ་པ་སོགས་བྱ་མི་རུང་། ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་སྨན་བཅོས་མི་སྣའི་མཛུབ་སྟོན་འོག་འགུལ་སྐྱོད་བྱས་ན་ལེགས།

དེ་མིན་ད་རུང་བདེ་འཇགས་ཀྱི་སྙིང་གི་ཁམས་གསོའི་འགུལ་སྐྱོད་ནི་སྙིང་གི་འཕར་ཚད་དང་ཁྲག་ཤེད་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་འོག་ཏུ་བྱ་དགོས་པར་མ་ཟད། སྙིང་ནད་ཕོག་པའི་ནད་པ་ཚང་མས་སྙིང་གི་ཁམས་གསོའི་འགུལ་སྐྱོད་བྱེད་ཆོག་པ་ཞིག་མིན་པར། ནད་པ་སོ་སོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཐག་གཅོད་དགོས། གལ་ཏེ་སྐྱུག་མེར་ལངས་པ་དང་བྲང་ཁ་ན་བ། མགོ་ཡུ་འཁོར་བ། སྙིང་ཤའི་ཚ་ཚད། ཁྲག་དབལ་རང་བཞིན་གྱི་སྡོད་རྩའི་ཚ་ཚད་སོགས་ཀྱི་ནད་རྟགས་ཡོད་པའི་མིོས་སྙིང་གི་ཁམས་གསོའི་འགུལ་སྐྱོད་བྱེད་མི་རུང་དུས་ལྟར་སྨན་པར་བསྟན་ནས་སྨན་པའི་ངག་བཞིན་དུ་གསོ་བཅོས་བྱེད་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།