ཉེ་ལམ། རྒྱལ་ནང་གི་ས་ཁུལ་མང་པོ་ཞིག་གིས་ནོ་རུའུ་ནད་དུག་མཆེད་པའི་གནས་ཚུལ་བསྒྲགས་བཞིན་ཡོད། དེས་ན་ཞོལ་ནས་ནོ་རུའུ་ནད་དུག་ལ་ནད་རྟགས་གང་དག་ཡོད་པ་དང་སྔོན་འགོག་ཇི་ལྟར་བྱེད་དགོས་པའི་སྐོར་ནས་ངོ་སྤྲོད་ཅིག་བྱེད།
ནོ་རུའུ་ནད་དུག་ནི་མྱུར་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་སློང་བའི་ནད་གཞི་ཞིག་ཡིན། དེ་ལ་ནད་རྟགས་མི་མངོན་པ་དང་འགྱུར་སླ་བ། ནད་དུག་ཕྱིར་འདོར་བའི་དུས་ཡུན་རིང་བ། འགོ་ལམ་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། སློབ་གྲྭ་དང་བྱིས་སྐྱོང་ཁང་སོགས་མི་ཚོགས་འདུ་སར་འགོ་སླ་བ་ཡིན། ལོ་ཧྲིལ་བོའི་ནང་ནོ་རུའུ་ནད་དུག་འབྱུང་བཞིན་ཡོད་ལ། ལྷག་པར་དུ་ལོ་རེའི་ཟླ་བཅུ་པ་ནས་ཕྱི་ལོའི་ཟླ་གསུམ་པའི་བར་ནི་རང་རྒྱལ་གྱི་ནོ་རུའུ་ནད་དུག་འབྱུང་ཚད་མཐོ་བའི་དུས་ཡིན།
ནོ་རུའུ་ནད་དུག་ལ་འགོ་ལམ་མང་པོ་ཡོད་དེ། ཟས་རིགས་མི་གཙང་བ་བཟའ་བ་དང་ཡོངས་ཁུངས་མི་གསལ་བའི་ཆུ་འཐུང་བ། ནད་པའི་སྐྱུགས་རོ་སོགས་ཀྱིས་བཙོག་སྐྱོན་ཐེབས་པའི་དངོས་རྫས་དང་འཚོ་བའི་ཡོ་ཆས་ལ་རེག་པ། ལྷག་པར་དུ་ཉ་སོག་སོགས་ཕྱི་ཤུན་ཅན་གྱི་འགྲོན་བུའི་རིགས་ལ་མཚོ་ཆུའི་ནང་གི་ནོ་རུའུ་ནད་དུག་འདུས་ཡོད་པས། ཉེན་ཁ་ཆེ་བའི་ཟས་རིགས་ཡིན།
སྤྱིར་ནོ་རུའུ་ནད་དུག་གི་ནད་རྟགས་ཕྱིར་མི་མངོན་པའི་དུས་ཡུན་དུས་ཚོད་ཉེར་བཞི་ནས་དུས་ཚོད་ཞེ་བརྒྱད་བར་དང་། དུས་ཡུན་ཆེས་ཐུང་ཤོས་དུས་ཚོད་བཅུ་གཉིས་དང་རིང་ཤོས་དུས་ཚོད་དོན་གཉིས་ཡིན། ནོ་རུའུ་ནད་དུག་ནི་མི་ཚོགས་ཡོངས་ལ་ཡོངས་ཁྱབ་ཏུ་འགོ་སླ་ཞིང་། ཆེས་རྒྱུན་མཐོང་གི་ནད་རྟགས་ནི་སྐྱུགས་པ་དང་ཁོག་པ་བཤལ་བ་ཡིན། དེ་མིན་ཞེན་ཁ་ལོག་པ་དང་ཕོ་བ་ན་བ། མགོ་ན་བ། ཚ་རྒྱག་པ། ཟ་མར་ཡི་ག་མེད་པ། ཤ་གནད་ན་བ་སོགས་ཀྱི་ནད་རྟགས་ཀྱང་ཡོད། བྱིས་པ་རྣམས་ལ་སྐྱུགས་པའི་ནད་རྟགས་མང་པོ་འབྱུང་བ་དང་དར་མ་རྣམས་ལ་ཁོག་པ་བཤལ་བའི་ནད་རྟགས་མང་པོ་འབྱུང་བ་ཡིན། ནོ་རུའུ་ནད་དུག་བྱུང་བའི་ནད་པ་མང་ཆེ་བ་ནད་བྱུང་ནས་ཉིན་གཉིས་ནས་ཉིན་གསུམ་གྱི་རིང་ལ་དྲག་སྐྱེད་འབྱུང་ཐུབ་པ་ཡིན། གསར་སྐྱེས་བྱིས་པ་དང་ལོ་ལོན་རྒན་པ། ལྷག་པར་དུ་ནད་རིགས་གཞན་པ་ཡོད་པའི་མི་ལ་བྱུང་ཚེ་ནད་གཞི་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་། ཐ་ན་ཤི་བའི་ཉེན་ཁའང་ཡོད།
དེ་བས། གཤམ་གྱི་གནད་འདི་དག་ལ་མཉམ་འཇོག་བཟང་པོ་བྱ་དགོས།
གཅིག བཟའ་བཏུང་གི་གཙང་སྦྲར་དོ་སྣང་བྱ་དགོས། ཟས་རིགས་མི་གཙང་བ་མི་བཟའ་བ་དང་། ཡོང་ཁུངས་མི་གསལ་བའི་ཆུ་མི་འཐུང་བ། ཆུ་གྲང་མོ་མི་འཐུང་བ། ཤིང་འབྲས་དང་ཚལ་རིགས་མ་ཟོས་གོང་གཙང་མར་བཀྲུ་བ་བཅས་བྱ་དགོས།
གཉིས། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་དགོས། འདག་རྫས་སྤྱད་ནས་ཆུ་གཙང་མས་ལག་པ་གཙང་མར་བཀྲུ་དགོས་པ་དང་། ལྷག་པར་ཟ་མ་མ་ཟོས་གོང་དང་གསང་སྤྱོད་དུ་སོང་རྗེས་ངེས་པར་དུ་ལག་པ་གཙང་མར་བཀྲུ་དགོས།
གསུམ། ཚོགས་འདུས་རང་བཞིན་གྱི་ནོ་རུའུ་ནད་དུག་གི་གཉན་ཚད་ཐོན་དུས་ཕྱོགས་ཡོངས་ཀྱི་དུག་སེལ་བྱ་བ་ཡག་པོ་བྱ་དགོས། གཙོ་བོ་ནད་པའི་སྐྱུགས་རོ་སོགས་ཀྱིས་བཙོག་སྐྱོན་ཐེབས་པའི་ཁོར་ཡུག་དང་དངོས་རྫས། འཚོ་བའི་ཡོ་ཆས། བཟའ་བཅའི་ཡོ་ཆས། འཐུང་ཆུ་བཅས་ལ་དུག་སེལ་ཡག་པོ་བྱ་དགོས།
བཞི། གློ་ལུ་དང་ཧབ་སྤྲིད་རྒྱག་དུས་གཙང་ཤོག་གིས་ཁ་སྣ་འགེབ་པ་དང་། བེད་སྤྱོད་བྱས་ཟིན་པའི་གད་སྙིགས་སྙིགས་སྒམ་དུ་དོར་ནས་དུས་ཐོག་ཏུ་གཙང་སེལ་བྱ་དགོས།
ལྔ། སྣབས་ཕྱིས་པ་དང་གད་དར་བྱས་ཚར་དུས་ལག་པ་གཙང་མར་བཀྲུ་དགོས།
དེ་མིན་སློབ་གྲྭ་དག་གིས་ཀྱང་ཞོགས་པ་དང་ཉིན་གུང་དུ་བརྟག་བཤེར་ཇེ་མང་དུ་གཏང་དགོས་ལ། སློབ་མར་ཚ་རྒྱག་པ་དང་སྐྱུགས་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་མྱུར་མོར་ལྟ་ཞིབ་དང་སྨན་བཅོས་བྱེད་དགོས། དུག་སེལ་དངོས་རྫས་དང་མི་སྒེར་གྱི་འགོག་སྲུང་དངོས་རྗས་འདང་ངེས་ཤིག་གྲབས་གསོག་བྱས་ཏེ་དུས་བཅད་ལྟར་སློབ་ཁང་དང་ཉལ་ཁང་། ཟ་ཁང་། སྤྱོད་ཁང་སོགས་ལ་གཙང་སྦྲ་དང་དུག་སེལ་བཟང་བོ་བྱེད་དགོས། སློབ་གྲྭའི་ཟ་ཁང་གི་ལས་བྱེད་མི་སྣའི་བདེ་ཐང་དོ་དམ་དང་འགོས་ནད་ཤེས་བྱའི་གསོ་སྦྱོང་ལ་ཤུགས་སྣོན་དགོས་པར་མ་ཟད། སློབ་གྲྭའི་འཐུང་ཆུ་དང་ཟས་རིགས་ཀྱི་བདེ་འཇགས་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས། གལ་ཏེ་འཛིན་གྲྭ་ནང་སློབ་མ་སྐྱུགས་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ། དགེ་རྒན་གྱིས་སློབ་མ་གཞན་པ་རྣམས་ལ་སྐྱུགས་རོ་དང་རིང་དུ་གྱེས་དགོས་པའི་ཉེན་བརྡ་གཏོང་དགོས་ལ། དུས་ཐོག་ཏུ་སློབ་གྲྭར་ཡར་ཞུ་བྱས་ཏེ་སློབ་གྲྭའི་སྨན་པ་དང་གཙང་སྦྲ་བྱེད་མཁན་གྱིས་སྐྱུགས་རོ་ཚད་ལྡན་སྒོས་ཐག་གཅོད་བྱེད་པར་མཐུན་སྦྱོར་བཟང་བོ་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།