ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གཅིན་སྙི་ཟ་ཁུའི་ནད་ཕོག་མཁན་ཟམ་མི་ཆད་པར་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ལོ་གཞོན་ཅན་དུ་འགྱུར་བའི་འཕེལ་ཚུལ་ཡང་མངོན་ཡོད།
དལ་བའི་རང་བཞིན་གྱི་ནད་ཅིག་ཡིན་པའི་ཆ་ནས། གཅིན་སྙི་ཟ་ཁུའི་ནད་ཕོག་རྗེས་ཁྲག་མངར་གྲངས་ཚད་རྒྱུན་ལྡན་མིན་པ་དང་མཐོ་རུ་ཕྱིན་པ་ཙམ་གྱིས་མི་ཚད་པར། དེས་ད་དུང་ལུས་ཡོངས་ཀྱི་དབང་པོ་ཚང་མའི་བྱེད་ནུས་ལ་གནོད་སྐྱོན་བཟོས་ཏེ། སྙིང་དང་ཀླད་པའི་ཁྲག་རྩའི་གཉན་ནད་དང་མཁལ་མའི་ནད་འགྱུར་སོགས་མཉམ་བྱུང་ནད་རིགས་ཚབས་ཆེན་སྣ་ཚོགས་སློང་སྲིད།
གཅིན་སྙི་ཟ་ཁུའི་ནད་ཕོག་ཚེ། ངེས་པར་དུ་སྨན་པའི་ངག་བཞིན་དུས་བཅད་ལྟར་ཁྲག་གི་མངར་ཆར་ལྟ་ཞིབ་དང་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་དགོས། དེ་ལྟར་བྱས་ན་ཉམས་འབྱུང་ནད་སྔོན་འགོག་བྱེད་པར་ཧ་ཅང་གལ་ཆེ་བ་ཞིག་ཡིན།
གཅིན་སྙི་ཟ་ཁུའི་ནད་ནི་སྤྱིར་བཏང་དུ་རིགས་རྒྱུད་དང་བཟའ་བཏུང་སོགས་ཀྱི་རྐྱེན་ལས་བྱུང་བ་ཡིན། རིགས་རྒྱུད་ཀྱི་རྒྱུ་རྐྱེན་ལ་ང་ཚོས་འགྱུར་ལྡོག་གཏོང་དཀའ་མོད། འོན་ཀྱང་བཟའ་བཏུང་གི་སྤྱོད་ལམ་སོགས་ལེགས་པོར་བསྲུང་ན་གཅིན་སྙི་ཟ་ཁུའི་ནད་བྱུང་ཚད་དང་ཇེ་སྡུག་ཏུ་འགྲོ་ཚད་ཚོད་འཛིན་བྱེད་ཐུབ།
ལུས་པོ་ཚོན་པོར་འགྱུར་བ་ནི་གཅིན་སྙི་ཟ་ཁུའི་ནད་སློང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བཟང་བོ་བྱེད་དགོས། ཞིབ་འཇུག་མང་པོ་ལས་མངོན་པ་ལྟར་ན། གཅིན་སྙི་ཟ་ཁུའི་ནད་ཕོག་མཁན་དང་ལུས་པོ་ཚོན་པོར་གྱུར་བའི་བར་འབྲེལ་བ་དམ་ཟབ་ཡོད་དེ། ལུས་པོ་ཚོ་དྲག་ན་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོི་བཞིན་ཡོད།
དེ་མིན། ཆོས་ཉིད་ལྡན་ཞིང་ལུགས་མཐུན་སྒོས་འགུལ་སྐྱོད་བྱེད་པ་ནི་གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ལེགས་པོ་ཞིག་ཡིན། འགུལ་སྐྱོད་མི་བྱེད་པར་ཡུན་རིང་དུ་བཙོག་ནས་འདུག་པའི་འཚོ་བའི་གོམས་གཤིས་སྤང་དགོས་པར་མ་ཟད། དུས་བཅད་ལྟར་ཁྲག་གི་མངར་ཆར་བརྟག་དཔྱད་བྱས་ཚེ། གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ལུས་པོའི་ནང་གི་འབྲེལ་ཡོད་ཀྱི་མངར་ཆའི་བརྗེ་ཚབ་རྒྱུན་ལྡན་མིན་པའམ་ཡང་ན་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་དུས་འགོ་ཡིན་ཚེ། དུས་བཅད་ལྟར་ཁྲག་གི་མངར་ཆར་བརྟག་དཔྱད་བྱས་ཚེ། དུས་ཐོག་ཏུ་ནད་གཞི་ལ་ཚོད་འཛིན་བཟང་བོ་བྱེད་ཐུབ། དེའི་ཕྱིར་རིགས་རྒྱུད་ཀྱི་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་ཀྱང་། གལ་ཏེ་ང་ཚོས་ཡང་དག་དང་ལུགས་མཐུན་གྱི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱས་ནས། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་དང་ལུགས་མཐུན་ངང་འགུལ་སྐྱོད་བྱེད་པ། ཁྲག་གི་མངར་ཆར་དུས་ལྟར་ཞིབ་བཤེར་བྱེད་པ་སོགས་བྱས་ན་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཇེ་ཆུང་དུ་གཏོང་ཐུབ།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།