མཚོ་སྔོན་གྱི་ཁུལ་རིམ་པའི་ཐུམ་འབུའི་ནད་ཞིབ་དཔྱད་ཚད་ལེན་བྱེད་པའི་དཔྱད་སྡུར་ཚོད་ལྟ་ཁང་ཐོག་མ་འཛུགས་སྐྲུན་བྱས་པར་མ་ཟད། ཞིབ་བཤེར་རྩིས་ལེན་བྱས།
2024.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་གྱི་ཁུལ་རིམ་པའི་ཐུམ་འབུའི་ནད་ཞིབ་དཔྱད་ཚད་ལེན་བྱེད་པའི་དཔྱད་སྡུར་ཚོད་ལྟ་ཁང་ཐོག་མ་འཛུགས་སྐྲུན་བྱས་པར་མ་ཟད།   ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་གཞན་བརྟེན་སྲིན་འབུའི་ནད་སྔོན་འགོག་ཚོད་འཛིན་ཚན་ཁག་གི་ཆེད་མཁས་ཞིབ་བཤེར་ཚན་ཆུང་གི་ཞིབ་བཤེར་རྩིས་ལེན་ཐོབ།   ཉེ་ལམ།  ལས་ཞུགས་གསོ་སྦྱོང་ཡོངས་འགྲུབ་བྱས་པའི་ཞིབ་དཔྱད་ཚད་ལེན་མི་སྣ་རྣམས་ཐུམ་འབུའི་ནད་ཞིབ་དཔྱད་ཚད་ལེན་གྱི་བྱ་བའི་ཁྲོད་ཞུགས་པ་དང་།  སྔོན་ཐོན་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་ཀྱིས་ཐེངས་གཅིག་ལ་མ་དཔེ་ལྔ་བརྒྱ་བཞི་བཅུར་ཞིབ་དཔྱད་ཚད་ལེན་བྱེད་ཐུབ།   ཐུམ་འབུའི་ནད་ཞིབ་དཔྱད་ཚད་ལེན་བྱེད་པའི་དཔྱད་སྡུར་ཚོད་ལྟ་ཁང་འཛུགས་སྐྲུན་བྱས་ནས་བེད་སྤྱོད་བྱས་པ་དེས་མགོ་ལོག་ཁུལ་ལ་ཐུམ་འབུའི་ནད་ཀྱི་འབྱུང་རྩ་ཞིབ་དཔྱད་ཚད་ལེན་བྱེད་པའི་ནུས་པ་ཡོད་པར་བྱས་པ་དང་།   ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཉེན་བརྡ།   འགོག་བཅོས་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་པ།  སྤྱི་བའི་འཕྲོིད་བསྟེན་ཞབས་ཞུ་སོགས་ཀྱི་ཐད་གནད་ལ་འཁེལ་བའི་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།    མགོ་ལོག་ཁུལ་གྱི་ཐུམ་འབུའི་ནད་ཞིབ་དཔྱད་ཚད་ལེན་བྱེད་པའི་དཔྱད་སྡུར་ཚོད་ལྟ་ཁང་ལ་ད་ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ་ཞིང་ཆེན་རིམ་པའི་དཔྱད་བཤེར་བྱས་པ་དང་།    ཟླ་འདིའི་ཟླ་མཇུག་གི་སྔོན་ལ་སྒོ་བྱང་འགེལ་རྒྱུ་ཡིན་ལ།  མིག་སྔར་རིམ་བཞིན་ཐུམ་འབུའི་ནད་ཀྱི་ཞིབ་དཔྱད་ཚད་ལེན་བྱ་བ་སྤེལ་བཞིན་ཡོད། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ནི་ཐུམ་འབུམ་ནད་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་གནད་འགག་ཡིན་པ་དང་།    དེས་ནད་དཔེ་དང་མཇུག་འབྲས་སྔ་མོ་ནས་ཤེས་ཐུབ་པར་བྱས་ནས་སྔོན་འགོག་ཚོད་འཛིན་བྱ་བར་རོགས་འདེགས་བྱེད་ཐུབ།   མགོ་ལོག་ཁུལ་རིམས་འགོག་ལྟེ་གནས་ཀྱི་ཕྱོགས་བསྡུས་ཞིབ་བཤེར་ཁང་གི་འགོ་གཙོ་ཧྥང་ཞའོ་ལིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན།   ཐུམ་འབུའི་ནད་ཞིབ་དཔྱད་ཚད་ལེན་བྱེད་པའི་དཔྱད་སྡུར་ཚོད་ལྟ་ཁང་འཛུགས་སྐྲུན་མ་བྱས་པའི་སྔོན་ལ།    ཁྱི་རྟུག་ཁྲོད་ཐོན་པའི་ཐུམ་འབུའི་ནད་ཀྱི་ཞིབ་དཔྱད་ཚད་ལེན་མ་དཔེ་ཡོད་ཚད་ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་དུ་བསྐྱལ་ནས་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་།   ལམ་ཐག་རིང་བའི་ཁར་ཞིབ་དཔྱད་ཚད་ལེན་དང་དབྱེ་ཞིབ་ཐད་ལའང་དུས་ཡུན་རིང་བོ་འགོར་བས།  མགོ་ལོག་ས་གནས་ནས་དུས་ལྟར་མགྱོགས་མྱུར་སྒོས་ཐག་གཅོད་བྱེད་ཐབས་མེད་པ་ཡིན།   དཔྱད་སྡུར་ཚོད་ལྟ་ཁང་བེད་སྤྱོད་བྱས་པ་དེས་མགོ་ལོག་ཁུལ་ལ་ཐུམ་འབུའི་ནད་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཡོད་པར་བྱས་ཤིང་།   ཞིང་ཆེན་དང་ཁུལ།  རྫོང་བཅས་རིམ་པ་གསུམ་གྱི་ཐུམ་འབུའི་ནད་བསྐྱར་ཞིབ་ཁྲོད་དུ།  གཞི་རིམ་གྱི་ངོས་ནས་བརྗོད་ན།  ཡུལ་དུས་གང་དུའང་ཞིབ་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ལ།   ཞིང་ཆེན་རིམ་པའི་ངོས་ནས་བརྗོད་ན།   ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱེད་པར་ཚན་རིག་གི་གཞི་འཛིན་ས་ཡོད་པ་དང་།    ཐུམ་འབུའི་ནད་འགོག་བཅོས་ཁྲོད་གནད་འགག་གི་བྱེད་ནུས་འདོན་ཐུབ།   དེར་མ་ཟད།   དཔྱད་སྡུར་ཚོད་ལྟ་ཁང་འཛུགས་སྐྲུན་བྱས་པ་དེས་མགོ་ལོག་ཁུལ་ལ་མཆིན་པའི་ཐུམ་འབུའི་ནད་ཀྱི་རྨང་གཞིའི་ཞིབ་འཇུག་སོགས་ཐད་ཀྱི་ཚན་ཞིབ་བྱ་བ་སྤེལ་བར་ཆ་རྐྱེན་ཡོད་པར་བྱས།

ཧྥང་ཞའོ་ལིས་ཀྱིས་བཤད་རྒྱུར།   དཔྱད་སྡུར་ཚོད་ལྟ་ཁང་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་པ་དེས།   མགོ་ལོག་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་ཐད་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས་པར་མ་ཟད།    མགོ་ལོག་ཁུལ་གྱི་ཞིབ་དཔྱད་ཚད་ལེན་དཔུང་སྡེའི་གསོ་སྦྱོང་ལ་སྤུས་ལེགས་ཀྱི་སྟེགས་བུ་བསྐྲུན་ནས་ཐུམ་འབུའི་ནད་ཀྱི་ཚོད་ལྟ་ཁང་གི་རྩལ་ནུས་གསོ་སྦྱོང་ཐད་རྟེན་གཞིའི་རྒྱབ་སྐྱོབ་འདོན་སྤྲོད་བྱས་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།