མུན་ནག་ནང་ཁ་པར་ལ་བལྟས་ན་མིག་ལ་གནོད་པ་ཆེ།
2024.11.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ད་སྐབས་ང་ཚོ་མི་རེ་རེའི་ལག་ཏུ་ཁ་པར་རེ་ཡོད་པས། ང་ཚོ་མི་མང་པོར་གོམས་གཤིས་ངན་པ་ཞིག་ཆགས་ཡོད། དེ་ནི་མཚན་མོར་གློག་གཟིམ་རྗེས་ཀྱང་མུན་ནག་ནང་ཁ་པར་བལྟ་རྒྱུར་གོམས་ཡོད་པ་དེ་རེད། དེའི་རྐྱེན་གྱིས་སྨན་ཁང་དུ་མིག་ནད་སྨན་བཅོས་བྱེད་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག འོ་ན། མཚན་མོར་གློག་གཟིམ་རྗེས་མུན་ནག་ནང་ཡུན་རིང་པོར་ཁ་པར་ལ་བལྟས་ན་མིག་ཟུང་ལ་གནོད་པ་ཅི་ཡོད་ཟེར་ན། དེ་ཡང་ཞིབ་འཇུག་ལས་གནོད་པ་ཆེ་བ་བཞི་ཡོད་པར་བརྗོད་ཡོད་དེ།

གཅིག ཚད་ལྡན་གྱི་ཡིག་ཆའི་ནང་བཀོད་པ་ལྟར་ན། དུས་ཡུན་རིང་པོར་མུན་ནག་ནང་ཁ་པར་ལ་བལྟས་ན། མིག་གི་འོད་ཚོར་ཕྲ་ཕུང་ལ་ཤུགས་རྐྱེན་ཐེབས་ནས་མིག་ཤེད་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་སྲིད།

གཉིས། མིག་སྐམ་པོ་དང་མིག་ལ་ངལ་དུབ་འབྱུང་སླ་བ།

ཞིབ་འཇུག་ལས་མངོན་པ་ལྟར་ན། མི་མང་པོ་ཞིག་གིས་གློག་ཀླད་བཀོལ་ནས་དུས་ཚོད་གཅིག་ཙམ་སོང་རྗེས་མིག་རབ་རིབ་ཏུ་འགྱུར་བ་དང་། མིག་སྐྲངས་པ། མིག་ན་བ་སོགས་མིག་ཟུང་ཐང་ཆད་པའི་ནད་རྟགས་འབྱུང་གི་ཡོད། ལག་ཁྱེར་ཁ་པར་གྱི་འཆར་ཤེལ་ནི་གློག་ཀླད་ལས་ཆུང་བ་དང་། བལྟ་བའི་བར་ཐག་ཀྱང་ཤིན་ཏུ་ཉེ་བས། མིག་ལ་གནོད་འཚེ་ཆེན་པོ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།

སྤྱིར་ན་མིག་སྐྱིའི་ཐོག་གི་ཁྲག་རྩ་ནི་གཉིད་ལོག་པའི་ཚུལ་དུ་གནས་པས་ང་ཚོས་མཐོང་མི་ཐུབ། འོན་ཀྱང་དེ་ལ་ཚད་བརྒལ་གྱི་གནོན་ཤུགས་ཕོག་ཚེ། དེ་མུར་ཁྲག་རྩ་རྒྱས་ནས་ཁྲག་མང་པོ་འཕེལ་ཏེ་མགྱོགས་མྱུར་ངང་རྙིང་ཚབ་གསར་བརྗེ་བྱེད་པ་དེ་ཡང་ང་ཚོས་མཐོང་ཐུབ་པའི་ཁྲག་ཐིག་དམར་པོ་དེ་དག་རེད། མཚན་བསྐྱལ་ནས་མིག་དམར་པོ་ཆགས་པ་ནི་དོན་དངོས་ཐོག་རང་གི་མིག་གིས་རང་ལ་དྲན་སྐུལ་བཏང་བ་ཞིག་ཡིན་ཏེ། མིག་ཟུང་ངལ་དུབ་ཚད་ལས་བརྒལ་ནས་ངལ་གསོ་བྱེད་རན་པའི་བརྡ་ཡིན།

མིག་འབྲས་ཀྱི་ངོས་སུ་ད་དུང་གྲུབ་ཆ་ཞིག་ཡོད་པ་དེར་མིག་ཆུའི་སྐྱི་མོ་ཟེར། དེས་གཙོ་བོ་མིག་སྐྱི་རློན་པར་བྱེད་པའི་ནུས་པ་ཐོན་གྱིན་ཡོད། དུས་ཡུན་རིང་པོར་ལག་ཁྱེར་ཁ་པར་ལ་བལྟས་ན། རང་འགུལ་ངང་མིག་འབྱེད་འཛུམ་བྱེད་ཚད་ཇེ་དམའ་རུ་ཕྱིན་ནས་མིག་ཆུ་བཞུར་ཚད་ཇེ་མང་དུ་འགྲོ་བ་དང་། མིག་ཆུའི་སྐྱི་མོ་བརྟན་ཚུགས་བྲལ་ནས་མིག་སྐམ་པོར་འགྱུར་བ་སོགས་ཀྱི་ནད་རྟགས་འབྱུང་བ་རེད།

གསུམ། རྒྱང་སྒྲིབ་ནད་འབྱུང་བ་དང་ཚབས་ཇེ་ཆེར་འགྲོ་བ།

བྱིས་པའི་ངོས་ནས་བཤད་ན། བར་ཐག་ཉེ་སར་ཁ་པར་ལ་ལྟ་ཚད་མང་ན་རྒྱང་སྒྲིབ་མིག་ནད་ཕོག་པའི་ཉེན་ཁ་ཆེ། ང་ཚོ་མི་དར་མར་མཚོན་ན་ཡང་དེ་དང་གཅིག་མཚུངས་རེད། ལྷག་པར་དུ་དགོང་མོ་ཟུར་ཉལ་བྱས་ཏེ་ཁ་པར་ལ་ཡུན་རིང་པོར་བལྟས་ན་མིག་ཟུང་ལ་རྒྱང་སྒྲིབ་ནད་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ་ལ། མིག་ཟུང་ལ་ཁ་པར་གྱི་འོད་ཤུགས་ཕོག་ཚད་མི་འདྲ་བའི་དབང་གིས་རྒྱང་སྒྲིབ་ནད་ཕོག་ཚད་ཀྱང་མི་འདྲ་བ་རེད།

བཞི། མིག་སྐྱི་ཟུམ་པའི་སྔོ་གྲིབ་མིག་ནད་འབྱུང་སླ་བ།

སྔོ་གྲིབ་མིག་ནད་ནི་གཙོ་བོ་མིག་འབྲས་ལ་ཕྱི་རོལ་ཡུལ་གྱི་གནོན་ཤུགས་ཆེན་པོ་ཐེབས་ནས་མིག་གི་དབང་རྩར་གཏོར་སྐྱོན་ཕོག་པ་ཞིག་རེད།  མཚན་མོ་གློག་གཟིམ་རྗེས་མུན་ནག་ནང་ཁ་པར་ལ་ཡུན་རིང་བལྟས་ན་མིག་དབང་གི་གཤེར་གཟུགས་འཁོར་རྒྱུག་འཁྲུགས་པ་དང་དེ་ནས་རིམ་བཞིན་མིག་ལ་སྔོ་གྲིབ་ནད་ཕོག་པ་རེད། སྔོ་གྲིབ་ནད་ནི་རང་རྒྱལ་དུ་བཅོས་ཐབས་དཀའ་བའི་མིག་ལོང་བར་འགྱུར་བའི་མིག་ནད་སྡུག་པོ་ཞིག་རེད།

མདོར་ན། རང་གི་མིག་ཟུང་གི་བདེ་ཐང་གི་ཆེད་དུ་མུན་ནག་ནང་ཁ་པར་མི་བལྟ་བའི་གོམས་གཤིས་བཟང་བོ་ཞིག་ཆགས་པར་བྱེད་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།