ཅི་ཞིག་ལ་གཤགས་བཅོས་ཀྱི་སེམས་ཁྲལ་ཟེར།
གཤགས་བཅོས་ཀྱི་སེམས་ཁྲལ་ནི་རྒྱུན་མཐོང་གི་སེམས་ཁམས་སྣང་ཚུལ་ཞིག་ཡིན་ལ། ནད་པའི་ན་ཚོད་དང་ཕོ་མོ་གང་རུང་། གཤགས་བཅོས་ཀྱི་རིགས་གང་ཞིག་ཡིན་ཀྱང་། གཤགས་བཅོས་ལས་སེམས་ཁྲལ་འབྱུང་བཞིན་ཡོད། ནད་པའི་སེམས་ཁྲལ་ནི་གཤགས་བཅོས་རང་ངོས་ནས་བྱུང་བ་ཁོ་ན་མིན་པར། གཤགས་བཅོས་རྗེས་ཀྱི་ན་ཟུག་དང་བདེ་ཐང་སླར་གསོའི་འཇིགས་སྣང་། དེ་མིན་མ་འོངས་པའི་འཚོ་བར་འབྱུང་སྲིད་པའི་འགྱུར་ལྡོག་གི་སེམས་ཁྲལ་སོགས་ཡོད་ཅིང་། སེམས་ཁྲལ་མངོན་སྟངས་ལ་སེམས་འཚབ་པ་དང་གཉིད་མི་ཁུག་པ། སྙིང་ལྡིང་ཚད་མགྱོགས་པ། འཇིགས་སྣང་སྐྱེས་པ་སོགས་ཡོད།
གཤགས་བཅོས་ཀྱི་སེམས་ཁྲལ་ཇི་ལྟར་སེལ་དགོས།
གཤགས་བཅོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ། གཤགས་བཅོས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་ནི་སེམས་ཁྲལ་ཇེ་ཡང་དུ་གཏོང་བའི་གོམ་སྟབས་དང་པོ་ཡིན། ནད་པས་སྨན་པར་གཤགས་བཅོས་ཀྱི་དམིགས་ཡུལ་དང་བརྒྱུད་རིམ། ཉེན་ཁ། རྗེས་ཕྱོགས་ཀྱི་གནས་ཚུལ་སོགས་གསལ་བོར་འདྲི་ཞིབ་བྱས་ཏེ། གཤགས་བཅོས་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱེད་དགོས། དེ་མིན་ནད་པས་འབྲེལ་ཡོད་ཀྱི་གསོ་རིག་རྒྱུ་ཆ་དང་དཔེ་དེབ་བཀླགས་ནས་གཤགས་བཅོས་ལ་གྲ་སྒྲིག་བཟང་པོ་བྱེད་དགོས།
སྨན་པ་དང་འབྲེལ་འདྲིས་བཟང་པོ་བྱེད་པ། སྨན་པ་དང་འབྲེལ་འདྲིས་བཟང་པོ་བྱེད་རྒྱུ་ནི་གཤགས་བཅོས་ཀྱི་སེམས་ཁྲལ་སེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ནད་པས་སྨན་པར་རང་ཉིད་ཀྱི་སེམས་ཁྲལ་བརྗོད་དེ་སྨན་པའི་བསམ་འཆར་བསྡུ་ལེན་བྱེད་ཆོག དཔེར་ན། གཤགས་བཅོས་རྗེས་ཀྱི་ན་ཟུག་ལ་སེམས་ཁྲལ་བྱེད་པའི་ནད་པར་སྨན་པས་ན་ཟུག་འཇགས་ཐབས་མང་པོ་འགྲེལ་བཤད་བྱེད་པ་དང་། སྨན་པའི་ཆེད་ལས་ཤེས་བྱ་དང་ཉམས་མྱོང་གིས་ནད་པར་ནུས་ལྡན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཐུབ།
སེམས་ཁམས་སྙོམས་སྒྲིག་བྱེད་པ། སེམས་ཁམས་སྙོམས་སྒྲིག་ནི་གཤགས་བཅོས་ཀྱི་སེམས་ཁྲལ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། ནད་པས་དབུགས་གཏིང་ལེན་བྱེད་པ་སོགས་ལྷོད་གཡེང་གི་སྦྱོང་བརྡར་ལ་བརྟེན་ནས་སེམས་འཚབ་པའི་སེམས་ཁམས་སེལ་ཆོག དེ་ལས་གཞན། ནད་པས་ཁྱིམ་མི་དང་གྲོགས་པོ་སོགས་ལ་རང་ཉིད་ཀྱི་མྱོང་ཚོར་བརྗོད་པ་དང་། སེམས་ཁམས་སྙོམས་སྒྲིག་བྱས་ཏེ་སྔར་ལས་སྤྲོ་སྣང་གི་རྣམ་འགྱུར་གྱིས་གཤགས་བཅོས་ལ་གདོང་གཏོད་དགོས།
བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་པ། བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱས་ན་གཤགས་བཅོས་ཀྱི་སེམས་ཁྲལ་ཇེ་ཡང་དུ་གཏོང་ཐུབ། ནད་པས་བཟའ་བཏུང་དོ་མཉམ་ཡོང་བར་མཉམ་འཇོག་པ་དང་འཚོ་བཅུད་འདང་ངེས་འགན་ལེན་བྱེད་པ། ངལ་གསོའི་གོམས་གཤིས་བཟང་པོ་དང་གཉིད་འདང་ངེས་རྒྱུན་འཁྱོངས་བྱེད་པ། འོས་འཚམ་གྱིས་ལུས་ཕུང་སྦྱོང་བརྡར་བཅས་བྱེད་དགོས།
རམ་འདེགས་བྱེད་ཐབས་ལ་བརྟེན་ནས་སེམས་ཁྲལ་སེལ་བ། གོང་གསལ་གྱི་བྱེད་ཐབས་ལས་གཞན། ནད་པས་ད་དུང་རམ་འདེགས་བྱེད་ཐབས་ལ་བརྟེན་ནས་སེམས་ཁྲལ་ཇེ་ཡང་དུ་བཏང་ཆོག དཔེར་ན། རོལ་དབྱངས་ལ་ཉན་པ་དང་དཔེ་ཆར་བལྟ་བ། གློག་བརྙན་ལ་བལྟ་བ་སོགས་བྱེད་ཆོག འདི་དག་གིས་ནད་པའི་དོ་སྣང་བྱ་ཡུལ་བསྒྱུར་ཐུབ་པ་དང་། སེམས་འཚབ་པའི་སྣང་ཚུལ་མེད་པར་བཟོ་ཐུབ།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།