སོ་སྲིན་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་བཞི་དང་སོ་སྲིན་སྔོན་འགོག་བྱེད་ཐབས།
2024.11.22 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 27

བྱིས་པ་ལོ་ཆུང་ཚོ་ནར་སོན་པའི་གོ་རིམ་ཁྲོད། ཁ་ནང་གི་བདེ་ཐང་ནི་སྣང་ཆུང་བྱ་མི་རུང་བ་ཞིག་ཡིན། སོ་ཡི་བདེ་ཐང་གནས་ཚུལ་གྱིས་ཐད་ཀར་བྱིས་པའི་བཟའ་བཏུང་དང་སྐད་འབྱིན་སྟངས་སོགས་ལ་ཤུགས་རྐྱེན་ཐེབས་སྲིད། སོ་སྲིན་ནི་རྒྱུན་པར་མཐོང་བའི་ཁ་ནང་གི་གནད་དོན་ཞིག་ཡིན་ལ། དུས་ལྟར་སྔོན་འགོག་དང་གསོ་བཅོས་མ་བྱས་ཚེ། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་དཀའ་ཁག་མང་པོ་བཟོ་ངེས། བྱིས་པའི་སོ་སྲིན་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་བཞི་ནི་ཕྲ་སྲིན་དང་བཟའ་བཏུང་། སོ་ཡི་རྒྱུ་སྤུས། དུས་ཚོད་བཅས་ཡིན་ལ། དེ་དག་གིས་ཕན་ཚུན་ཤུགས་རྐྱེན་ཐེབས་ཏེ་སོ་སྲིན་བསྐྱེད་བཞིན་ཡོད།

གཅིག  ཕྲ་སྲིན། མི་ཚང་མའི་ཁ་ནང་དུ་དབྱིབས་འགྱུར་ཟླུམ་ཕྲེང་དུག་སྲིན་ལྟ་བུའི་ཕྲ་སྲིན་མི་ལེགས་པ་འགའ་རེ་ཡོད་ལ།  དེ་དག་ལ་སོ་འབུའང་ཟེར།   སོ་འབུ་དེ་ཚོ་སོ་ཡི་ཐོག་གི་ཟས་སྙིགས་བཟའ་བར་ཧ་ཅང་དགའ། དེ་དག་གིས་ཟས་སྙིགས་ཟོས་རྗེས་སྐྱུར་གཤིས་ཅན་གྱི་དངོས་པོ་ཞིག་སྐྱུག་པ་དང་། སྐྱུར་དངོས་དེ་དག་གིས་རིམ་བཞིན་སོ་ལ་རུལ་སླད་བཏང་སྟེ་སོ་སྲིན་བསྐྱེད་པ་ཡིན།

གཉིས།  བཟའ་བཏུང་། བྱིས་པ་རྣམས་ཞིམ་ཟས་དང་ཀ་ར་འདུས་པའི་བཏུང་བྱ་སོགས་ལ་དགའ། ཀ་ར་འདུས་པའི་བཟའ་བཅའ་ནི་ཏག་ཏག་སོ་འབུ་ཆེས་དགའ་ས་དེ་ཡིན་པས། ཀ་རའི་འདུས་ཚད་ཇི་ལྟར་མཐོ་ན་ཕྲ་སྲིན་གྱིས་བསྐྱེད་པའི་སྐྱུར་དངོས་དེ་ལྟར་མང་ཞིང་། སོ་ལ་རུལ་སླད་ཐེབས་ཚད་དེ་བས་མགྱོགས་པ་ཡིན།

གསུམ།  སོ་ཡི་རྒྱུ་སྤུས། བྱིས་པའི་སོ་ནི་ཧ་ཅང་གཉོམ་པོ་ཞིག་ཡིན་པར་མ་ཟད། སྲུབས་ཀ་མང་པོ་ཡོད་པས། ཟས་སྙིགས་དང་ཕྲ་སྲིན་སྦས་སྐུང་བྱེད་སླ། དེའི་ཐོག་ལ་བྱིས་པ་ཚོའི་སོ་འཁྲུད་སྟངས་ཚད་ལྡན་མིན་པ་དང་སོ་འཁྲུད་པའི་གོམས་གཤིས་ཆགས་མེད་པ་སོགས་ཀྱི་དབང་གིས་ཀྱང་སོ་སྲིན་བསྐྱེད་བཞིན་ཡོད།

བཞི།  དུས་ཚོད། སོ་སྲིན་ནི་དགོང་མོ་གཅིག་ལ་བསྐྱེད་པ་ཞིག་མ་ཡིན་པར། དུས་ཡུན་རིང་བོའི་ནང་རིམ་བཞིན་འཕེལ་བ་ཡིན། བྱིས་པ་རྣམས་ལོ་ན་ཆུང་བས་རང་ངོས་ནས་དོ་སྣང་བྱེད་མི་ཤེས། དེ་བས། ཁྱིམ་བདག་རྣམས་ཀྱིས་བྱིས་པའི་སོ་ཡི་བདེ་ཐང་ལ་དོ་སྣང་བཟང་བོ་བྱེད་རྒྱུ་ཧ་ཅང་གལ་ཆེ།                              

སི་སྲིན་སྔོན་འགོག་བྱེད་ཐབས།   

གཅིག ཁྱིམ་བདག་གི་ལྟ་རྟོག་ཧ་ཅང་གལ་ཆེ།

ཁྱིམ་བདག་གིས་ཐོག་མར་སོ་ལ་སྲུང་སྐྱོབ་བྱེད་སྟངས་ཤེས་དགོས་ཤིང་། དེ་ནས་བྱིས་པར་ཡང་དག་པའི་སོ་འཁྲུད་སྟངས་དང་སོ་ལ་བདག་སྐྱོང་བྱེད་སྟངས་ཁྲིད་དགོས། ཁྱིམ་བདག་གི་ལྟ་རྟོག་ནི་བྱིས་པའི་ཁ་ནང་གི་འཕྲོད་བསྟེན་ལ་ཧ་ཅང་གལ་ཆེ་བ་ཡིན།

གཉིས། གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ།

ཉིན་རེ་ལ་སོ་ཐེངས་གཉིས་རེ་འཁྲུད་པ་དང་ཐེངས་རེར་སྐར་མ་གཉིས་ཙམ་བཀོལ་དགོས་པར་མ་ཟད། སོ་བར་ལ་གཙང་དག་བྱེད་ཤེས་དགོས། དེ་ལྟར་བྱས་ཚེ་ཕྲ་སྲིན་དང་ཟས་སྙིགས་སོགས་གཙང་སེལ་བྱེད་ཐུབ་པ་ཡིན།

གསུམ། བཟའ་བཏུང་ལ་མཉམ་འཇོག་བྱེད་པ།

ཀ་རའི་འདུས་ཚད་མཐོ་བ་དང་སྐྱུར་མཐོ་བའི་བཟའ་བཅའ་ཉུང་བཟའ་བྱེད་དགོས་ཤིང་། ལྷག་པར་དུ་ཀ་ར་འདུས་པའི་བཏུང་བྱ་ལ་འཛེམ་ནས།  བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཆགས་པར་བྱེད་དགོས།

བཞི། དུས་ལྟར་བརྟག་དཔྱད་བྱེད་པ།

ཁྱིམ་བདག་གིས་བྱིས་པ་ཁྲིད་དེ་སོའི་སྨན་པ་ལ་སྟོན་དགོས་པ་དང་། གནད་དོན་ཡོད་ཚེ་སྔ་མོ་ནས་གསོ་བཅོས་བྱེད་དགོས།

ལྔ། སོ་སྲུབས་བསུམ་པ་ཧ་ཅང་གལ་ཆེ།

གསར་དུ་སྐྱེས་པའི་འགྲམ་སོ་ཡི་སོ་སྲུབས་བསུམ་ཆོག་ལ། དེ་ལྟར་བྱས་ཚེ་སོའི་ཐོག་ཏུ་སྲུང་སྐྱོབ་རིམ་པ་ཞིག་གྲུབ་ནས། ཕྲ་སྲིན་དང་ཟས་སྙིགས་ལོགས་དགར་བྱེད་ཐུབ། ལོ་ཚོད་མི་འདྲ་བ་ལ་སོ་སྲུབས་བསུམ་པའི་དུས་ཚོད་ལེགས་ཤོས་མི་འདྲ་བ་ཡོད་པས། དུས་ཐོག་ཏུ་སོའི་སྨན་པ་ལ་འདྲི་རྩད་བྱེད་རྒྱུ་གལ་ཆེ།

དྲུག དུས་ལྟར་གསོ་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ།

སོ་སྲིན་ཡོད་པ་ཤེས་མ་ཐག་མྱུར་དུ་སོའི་སྨན་པ་ལ་སྟོན་དགོས་ཤིང་། སྔ་མོ་ནས་གསོ་བཅོས་བྱས་ཚེ་སོ་སྲིན་ཚབས་ཆེར་འགྲོ་བ་སྔོན་འགོག་བྱེད་ཐུབ།

བདུན། ཁ་ནང་བདེ་ཐང་གི་བྱ་འགུལ་ལ་ཞུགས་པ།

སློབ་གྲྭ་དང་སྡེ་ཁུལ་གྱིས་བསྒྲུབས་པའི་ཁ་ནང་བདེ་ཐང་སློབ་གསོའི་བྱ་འགུལ་ལ་ཞུགས་ཏེ། སོ་སྲུང་སྐྱོབ་ཀྱི་ཤེས་བྱར་རྒྱུས་ལོན་མང་ཙམ་བྱེད་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།