ཉེ་ལམ། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་མཚོ་སྔོན་ལ་ཤེས་རྟོགས་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་བ་ཞེས་པའི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྨན་བཅོས་འགན་སྲུང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་རིམ་པ་མང་པོའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པར་དམིགས་ནས། སྨན་བཅོས་འགན་སྲུང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཁྲོད་དམངས་ཡོངས་ལ་ཁེབས་པའི་སྨན་བཅོས་འགན་སྲུང་དྲ་རྒྱ་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་ནད་ཡོད་ན་སྨན་བཅོས་བྱེད་པ་དང་སྨན་བཅོས་བྱས་ན་འགན་སྲུང་ཡོད་པའི་ཚད་མཐའ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།
ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་འགན་འཁྲི་དོན་འཁྱོལ་དང་སྲིད་ཇུས་དོན་འཁྱོལ། བྱ་བ་དོན་འཁྱོལ་བཅས་སྦྲེལ་མཐུད་བཟང་བོ་བྱེད་རྒྱུ་དམ་འཛིན་བྱེད་པ་དང་གཞི་གྲངས་ཆེན་མོའི་ཞིབ་བསྡུར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱས་ཏེ་ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་དང་དབུལ་ཐར་མི་གྲངས་འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི་གོ་དགུའི་ཡན་དུ་བརྟན་སྲུང་བྱས། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་རིགས་ཚབས་ཆེན་གྱི་འགན་སྲུང་། སྨན་བཅོས་རོགས་སྐྱོར་བཅས་ལམ་ལུགས་གསུམ་གྱིས་ཞིང་སྡེའི་ཡོང་འབབ་དམའ་བའི་མི་ས་ཡ་གཅིག་དང་འབུམ་བཞི་ཁྲི་བརྒྱད་སྟོང་དྲུག་སུམ་བརྒྱ་ལ་ཕན་ཁེ་བསྐྲུན་ནས་སྨན་རིན་སྒོར་ཐེར་འབུམ་གཉིས་དང་བྱེ་བ་གསུམ་ས་ཡ་གསུམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་འགན་སྲུང་དང་དམངས་སྲིད། ཞིང་ལས་ཞིང་སྡེ་ལས་ཁུངས་སོགས་ཀྱིས་ལྟ་ཞིབ་ཚད་ལེན་སྔོན་བརྡའི་གཞི་གྲངས་མཉམ་སྤྱོད་ནང་རྐྱེན་བཙུགས་ནས་ཟླ་རེར་ལྟ་ཞིབ་ཚད་ལེན་སྔོན་བརྡའི་གཞི་གྲངས་མཉམ་སྤྱོད་བྱས་ཏེ་རོགས་སྐྱོར་བྱ་ཡུལ་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་རོགས་སྐྱོར་བྱེད་ཐུབ་པར་བྱས། མིག་སྔར། ལྟ་ཞིབ་ཚད་ལེན་བྱས་ཏེ་བསྡོམས་པས་ནད་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་ཡོད་པའི་མི་སྣ་ཁྲི་གསུམ་དང་སྟོང་ལྔ་རྙེད་པ་དང་། ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད། མི་སྟོང་གསུམ་དང་དྲུག་བརྒྱ་ཉེར་གཉིས་སྨན་བཅོས་རོགས་སྐྱོར་ནང་བཞག
དེར་མ་ཟད། སྲིད་གཞུང་གི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་ཏེ། ཚོང་ལས་བདེ་ཐང་འགན་སྲུང་གི་ལམ་ལུགས་འཛུགས་སྐྲུན་དང་སྲིད་ཇུས་འཆར་འགོད། དྲིལ་སྒྲོག་སྐུལ་འདེད་བྱ་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་བཏང་བ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་རིགས་ཚབས་ཆེན་གྱི་འགན་སྲུང་། སྨན་བཅོས་འགན་སྲུང་བཅས་ལམ་ལུགས་གསུམ་གྱི་ཕྱོགས་བསྡུས་འགན་སྲུང་དང་ཚོང་ལས་བདེ་ཐང་འགན་སྲུང་གི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དུས་སྐབས་སྔོན་གྱི་ཟི་ལིང་དམངས་ཕན་འགན་སྲུང་གི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མཚོ་སྔོན་བདེ་ཐང་འགན་སྲུང་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཡོངས་ལ་ཁེབས་པར་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་ལག་བསྟར་ནན་མོ་བྱས་ཏེ་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། དམངས་ཡོངས་ལ་ཁེབས་པ་དང་དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཐུབ་པ་སོགས་ཀྱི་རིམ་པ་མང་པོའི་སྨན་བཅོས་འགན་སྲུང་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་ཀྱི་སྨན་བཅོས་འགན་སྲུང་འདོན་སྤྲོད་བྱ་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།