མཚོ་སྔོན་ཞིང་ཆེན་གྱི་ཨེ་ཛི་ནད་སྨན་བཅོས་བྱས་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས།
2024.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་ལམ།   མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།     སྨན་བཅོས་བྱེད་ཐུབ་པ་ཡོད་ཚད་ལ་སྨན་བཅོས་བྱེད་པའི་རྩ་དོན་ལྟར།     རང་ཞིང་གིས་ཨེ་ཛི་ནད་དུག་ཕོག་མཁན་དང་ནད་པ་རྣམས་ཀྱིས་རིན་མེད་པར་ནད་དུག་འགོག་པའི་སྨན་བཅོས་དང་ལེན་པར་སྐུལ་སློང་བྱས་པ་དང་།   སྨན་བཅོས་བྱས་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས།   2024ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་དུ།   ཞིང་ཆེན་ཡོངས་སུ་བསྡོམས་པས་རིགས་སོ་སོའི་མི་ཚོགས་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་སྟོང་བརྒྱད་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་།    དེའི་ནང་ཨེ་ཛིའི་ནད་དུག་ཕོག་མཁན་དང་ནད་པ་སུམ་བརྒྱ་དོན་དྲུག་གསར་དུ་ཤེས་རྟོགས་བྱུང་།   ཟླ་བཅུ་པའི་ཟླ་མཇུག་བར་དུ།   ཞིང་ཆེན་ཡོངས་སུ་ཨེ་ཛིའི་ནད་དུག་ཕོག་མཁན་དང་ནད་པ་སྟོང་བཞི་དང་ཞེ་གསུམ་ཡོད།

ཨེ་ཛིའི་ནད་ཀྱི་འགོག་བཅོས་ལ་སྔར་ལས་ཤུགས་སྣོན་ཆེད། རང་ཞིང་གིས་ཞིབ་དཔྱད་ཚད་ལེན་གྱི་ཁྱབ་ཁོངས་ཆེ་རུ་བསྐྱེད་པ་དང་།    2024ལོར་ནད་ཐག་གཅོད་པའི་ཚོད་ལྟ་ཁང་གཅིག་གསར་འཛུགས་དང་བསྐྱར་འཛུགས་བྱས་ལ།   ཞིབ་བཤེར་ཚོད་ལྟ་ཁང་གཅིག་གསར་འཛུགས་བྱས།    མིག་སྔར།  ཞིང་ཆེན་ཡོངས་སུ་ནད་ཐག་གཅོད་པའི་ཚོད་ལྟ་ཁང་དགུ་དང་ཞིབ་བཤེར་ཚོད་ལྟ་ཁང་རེ་གཅིག་གིས་གྲུབ་པའི་ཨེ་ཛི་ནད་ཞིབ་དཔྱད་ཚད་ལེན་དྲ་རྒྱ་བཙུགས་ཤིང་།  རྫོང་རིམ་པ་ཡན་གྱི་སྨན་བཅོས་ལས་ཁུངས་དང་རིམས་འགོག་ལས་ཁུངས།    བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་ཚང་མར་

ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ནུས་པ་ཡོད་པ་དང་།   གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་།  ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁ་ཤས་ལ་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་བྱེད་པའི་ནུས་པ་ལྡན་པར་མ་ཟད།   ད་ལོར་ཁུལ་རིམ་པ་ཡོངས་སུ་ནད་ཐག་གཅོད་པའི་ཚོད་ལྟ་ཁང་ཁེབས་པའི་རེ་བ་ཡོད།    རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཞིབ་དཔྱད་ཚད་ལེན་བྱེད་ས་བཅུ་བདུན་བཙུགས་ཡོད་ལ།  གཞི་རྩའི་ཆ་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཙོ་བོའི་རིགས་སོ་སོའི་ཉེན་ཁ་ཆེ་བའི་མི་ཚོགས་དང་གཙོ་གནད་མི་ཚོགས་ཡོངས་ལ་ཁེབས་ཐུབ།   རིན་མེད་པར་ཨེ་ཛི་ནད་རང་རྟོགས་ཀྱིས་འདྲི་རྟོགས་དང་ཞིབ་དཔྱད་ཚད་ལེན་བྱེད་སའི་སྒོ་བསྟེན་ཁང་བརྒྱ་དང་སོ་བརྒྱད་བཀོད་སྒྲིག་བྱས་ཡོད་པ་དང་།  ལོ་རེར་རིགས་སོ་སོའི་མི་ཚོགས་མི་ཐེངས་ཁྲི་གཉིས་དང་སྟོང་བཞི་བརྒྱད་བརྒྱ་ལ་རིན་མེད་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།     རིགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་འགོས་ནད་ཞིབ་དཔྱད་ཚད་ལེན་དྲ་རྒྱར་བརྟེན་ནས་གཙོ་གནད་མི་ཚོགས་སོགས་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་ཚོགས་ཀྱི་ཨེ་ཛི་ནད་ཞིབ་དཔྱད་ཚད་ལེན་བྱེད་ཚད་ཉིས་སྟོང་བཅུ་དྲུག་ལོའི་མི་ཐེངས་འབུམ་དྲུག་དང་སྟོང་བརྒྱད་ཉིས་བརྒྱ་ནས་ཉིས་སྟོང་ཉེར་བཞི་ལོའི་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་སྟོང་བརྒྱད་ལ་འཕར་ཡོད།

དེ་མིན།   སྐྱོབ་བཅོས་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ནད་པའི་འཚོ་བའི་སྤུས་ཚད་མཐོར་འདེགས་བཏང་།    2024ལོར།   མཚོ་བྱང་ཁུལ་མི་དམངས་སྨན་གཉིས་པ་ཨེ་ཛི་ནད་དུག་སྨན་བཅོས་བྱེད་པའི་གནས་གཏན་སྨན་ཁང་དུ་གཏན་འཁེལ་བྱས་ནས་ནད་པ་རྣམས་ཀྱིས་རང་ས་གནས་སུ་ནད་དུག་སྨན་བཅོས་བྱེད་ཐུབ་པར་བྱས།    ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་ན་གོར་མོ་མི་དམངས་སྨན་ཁང་གཉིས་ཨེ་ཛི་ནད་སྔོན་འགོག་བྱེད་པའི་གནས་གཏན་སྨན་ཁང་དུ་གཏན་འཁེལ་བྱས་ལ། མིག་སྔར་ཞིང་ཆེན་ཡོངས་སུ་བསྡོམས་པས་ཨེ་ཛི་ནད་སྔོན་འགོག་བྱེད་པའི་གནས་གཏན་སྨན་ཁང་གསུམ་ཡོད།    སྨན་བཅོས་བྱེད་ཐུབ་པ་ཡོད་ཚད་ལ་སྨན་བཅོས་བྱེད་པའི་རྩ་དོན་ལྟར།    ཨེ་ཛི་ནད་དུག་ཕོག་མཁན་དང་ནད་པ་རྣམས་ཀྱིས་རིན་མེད་པར་ནད་དུག་འགོག་པའི་སྨན་བཅོས་དང་ལེན་པར་སྐུལ་སློང་བྱས་ཏེ་། སྨན་བཅོས་བྱས་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས།   དམངས་སྲིད་སྡེ་ཁག་གིས་ཟླ་རེར་ལོ་བཅོ་བརྒྱད་ལ་སོན་མེད་པའི་ཨེ་ཛི་ནད་དུག་ཕོག་མཁན་དང་ནད་པ་ལ་གཞི་རྩའི་འཚོ་བའི་གྲོན་དངུལ་སྟེར་བཞིན་ཡོད་ལ།   ཨེ་ཛི་ནད་དུག་སྨན་བཅོས་བྱེད་པ་དེ་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ནང་བཞག

གོ་རིམ་རྗེས་མར།  རང་ཞིང་གིས་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ས་ཁུལ་གཙོ་བོ་དང་མི་ཚོགས་གཙོ་བོ།   དུས་རིམ་གཙོ་བོ་བཅས་འབུར་དུ་ཐོན་པར་བྱས་ནས།    འགོག་བཅོས་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།   འགོག་བཅོས་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ།  ནད་དུག་ཕོག་མཁན་གྱི་རོགས་སྐྱོབ་བྱ་བ་སོགས་བཟང་བོར་བསྒྲུབ་སྟེ་ནུས་ཡོད་ཀྱི་འགོག་བཅོས་བྱེད་ཐབས་སོ་སོ་དོན་འཁྱོལ་བཟང་བོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།