ཉེ་ལམ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་ཟི་ཡིས་ཟི་ལིང་དུ་ས་ཁུལ་ཁ་ཤས་ཀྱི་ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་བྱ་བའི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་བསྡུས་ཏེ་མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན། ཅང་ཞི་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་འབྲེལ་ཡོད་ས་ཁུལ་གྱི་ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་བྱ་བའི་ཉམས་མྱོང་བརྗེ་རེས་དང་ཁྱབ་གདལ་དུ་བཏང་ནས། ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་གྲོས་བསྡུར་བྱས།
ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་བྱ་བ་སྤེལ། ཉིས་སྟོང་ཉེར་གསུམ་ལོའི་ཚུན་ལ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་དར་སྤེལ་དྲུག་གི་སྤྱིའི་བླང་བྱར་དམིགས་ནས་མཚོ་སྔོན་གྱིས་དོ་སྣང་བྱེད་དགོས་པ་དྲུག་བཟང་བོར་སྒྲུབ་ནས་ནད་གཞི་སྨན་བཅོས་བྱེད་པ་གཙོ་བོར་འཛིན་པ་ནས་མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་ནུས་ཡོད་སྒོས་བསྐངས།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁྱིམ་ཚང་སྨན་པའི་ཞབས་ཞུའི་རུ་ཁག་སྟོང་གཉིས་དང་སུམ་བརྒྱ་བརྒྱད་བཙུགས་ཡོད་པ་དང་། བསྡོམས་པས་མི་ས་ཡ་བཞི་དང་འབུམ་གཅིག་ཁྲི་ལྔ་སྟོང་དྲུག་དང་སུམ་བརྒྱ་བའི་བར་གྲོས་མཐུན་བཀོད་ལ། གྲོས་མཐུན་བཀོད་ཚད་བརྒྱ་ཆའི་རེ་དགུ་གྲངས་ཆུང་བརྒྱད་ལྔ་ལ་སླེབས་ཡོད། མི་ཚོགས་གཙོ་བོ་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་གཉིས་དང་ལྔ་བརྒྱར་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་ཚད་བརྒྱ་ཆའི་གྱ་དྲུག་གྲངས་ཆུང་བརྒྱད་བཞི་ལ་སླེབས་ཡོད། ལོ་རེ་ལྔའི་ཡན་གྱི་རྒྱུན་སྡོད་སྡོད་དམངས་འབུམ་བཞི་དང་ཁྲི་བརྒྱད་སྟོང་བརྒྱད་གཉིས་བརྒྱར་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་ཚད་བརྒྱ་ཆའི་གྱ་གཉིས་དང་གྲངས་དགུ་གཉིས་སླེབས་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཞབས་ཞུའི་འདོན་སྤྲོད་རྒྱ་བསྐྱེད་ནས་ལག་རྩལ་གྱི་དགེ་མཚན་འདོན་སྤེལ་བྱས། གཞི་རིམ་སྨན་བཅོས་ལས་ཁུངས་དང་ཁུལ་ཁོངས་ནང་གི་རིམ་པ་གཉིས་པ་དང་གསུམ་པའི་སྨན་ཁང་བར་འགུལ་རྣམ་མཐུན་སྦྱོར་འབྲེལ་བ་བཙུགས་ཏེ། ཆེད་ལས་སྨན་པ་དུས་བཅད་ལྟར་གཞི་རིམ་དུ་གདན་དྲངས་ནས་མཉམ་འབྲེལ་བརྟག་བཅོས་དང་ཁྲིད་པ་དང་སློབ་པ། གྲོས་མཐུན་འགོད་པ་སོགས་ཀྱི་ཞབས་ཞུའི་བྱ་བ་སྤེལ། ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། སྨན་ཁང་གཅིག་ལ་བྱེད་ཐབས་གཅིག་ལག་བསྟར་བྱས་ནས་ཀྲུང་བོད་ལུགས་གསོ་རིག་དང་ཁམས་གསོ་སོགས་ཀྱི་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། ལས་ཁུངས་བར་གྱི་མཐུན་སྦྱོར་ལ་མཐོང་ཆེན་བྱས་ཏེ་འགན་སྲུང་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་། ནོར་སྲིད་དང་མི་ཤུགས་ཐོན་ཁུངས། སྨན་བཅོས་འགན་སྲུང་ལས་ཁུངས་དང་མཉམ་དུ་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ་གྲོས་མཐུན་འགོད་པའི་ཞབས་ཞུ་བྱ་བའི་རིན་བསྡུའི་ཚད་གཞི་གཏན་འཁེལ་གསལ་བོ་བྱས་པ་དང་། སྨན་བཅོས་འགན་སྲུང་གི་གཞི་རྩའི་འགན་སྲུང་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ་ཁྱིམ་ཚང་སྨན་པའི་བྱ་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།