མངལ་སྦྲུམ་པའི་དུས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཀྱི་གནོད་པ་དང་སྔོན་འགོག་བྱེད་ཐབས།
2024.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

སྦྲུམ་མའི་ཁྲག་ཤེད་མཐོ་བའི་ནད་ལ་རིགས་འགའ་ཡོད་དེ།    མངལ་མ་སྦྲུམ་པའི་སྔོན་དང་མངལ་སྦྲུམ་རྗེས་ཀྱི་ཟླ་ལྔའི་ནང་ཁྲག་ཤེད140/90དང་དེ་ལས་མཐོ་བ་ཡིན་ན།  དེ་ནི་དལ་བའི་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་ཡིན།  མངལ་སྦྲུམ་རྗེས་ཀྱི་ཟླ་ལྔའི་རྗེས་ཀྱི་ཁྲག་ཤེད་རྒྱུན་ལྡན་ལས30/15ཡིས་མཐོ་བའམ་ཡང་ན140/90དང་དེ་ལས་མཐོ་བ་ཡིན་ན།  དེ་ནི་མངལ་སྦྲུམ་པའི་སྐབས་ཀྱི་ཁྲད་ཤེད་མཐོ་བའི་ནད་ཡིན།

སྦྲུམ་མའི་ཁྲག་ཤེད་མཐོ་བའི་ནད་ཀྱིས་ཀླད་པ་དང་མཁལ་མ།  མཆིན་པ།  མིག་སོགས་དབང་བོ་མང་པོ་དང་དེ་མིན་ཁྲག་དཀག་དང་ནང་གི་ཟགས་ཐོན་བརྗེ་ཚབ་སོགས་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས་སྲིད།    གལ་ཏེ་ཁྲག་ཤེད་མཐོ་བའི་སྦྲུམ་མར་མཆིན་པ་དང་མཁལ་མའི་ནུས་པར་གནོད་པ་ཐེབས་པ་སོགས་ཀྱི་ནད་རྟགས་བྱུང་ན།  དེས་ནད་གཞི་སྦྲུམ་འབོག་སྔོན་དུས་སུ་སླེབས་པ་མཚོན་ལ།  ཁྲག་ཤེད་མཐོ་བའི་སྦྲུམ་མར་འཁུམ་འདར་སོགས་ཀྱི་ནད་རྟགས་བྱུང་ན།  དེ་ནི་སྦྲུམ་འབོག་གི་ནད་ཡིན་སྲིད།

སྦྲུམ་མའི་ཁྲག་ཤེད་མཐོ་ན།   བུ་རོགས་ལ་ཁྲག་གིས་མི་འདང་བ་དང་མགོ་ཆུ་ཉུང་བ།    ཕྲུ་གུའི་སྐྱེ་འཚར་ལ་གནོད་པ།  ཕྲུ་གུ་སྐྱེ་སྔ་བ་སོགས་ཀྱི་སྣང་ཚུལ་ཡོད་པར་མ་ཟད།  ཚབས་ཆེ་ན་ཕྲུ་གུ་མངལ་ནས་ཤི་བ་སོགས་ཀྱི་སྣང་ཚུལ་འབྱུང་ཡང་སྲིད།

མིག་སྔར།   སྦྲུམ་མའི་ཁྲག་ཤེད་མཐོ་བའི་ནད་ཀྱི་འབྱུང་རྐྱེན་དེ་འདྲ་གསལ་བོ་མིན་ཡང་།   རྒྱུན་མཐོང་གི་འབྲེལ་ཡོད་རྒྱུ་རྐྱེན་གཤམ་གསལ་ལྟར།

རྒྱུད་འདེད།  གཉེན་ཉེར་ཁྲག་ཤེད་མཐོ་བའི་ནད་ཡོད་པའམ་ཡང་ན་ཨ་མ་དང་གཅེན་གཅུང་ལ་མངལ་སྦྲུམ་པའི་སྐབས་སུ་ཁྲག་ཤེད་མཐོ་བའི་ནད་ཡོད་ན།   སྦྲུམ་མར་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ།

ལོ་ན་མཐོ་བའི་སྦྲུམ་མ།   ལོ་བཞི་བཅུ་དང་ལོ་བཞི་བཅུ་ལས་ཆེ་བའི་སྦྲུམ་མར་མངལ་སྦྲུམ་དུས་ཀྱི་ཁྲག་ཤེད་མཐོ་བའི་ནད་འབྱུང་ཚད་དེ་ལོ་ཉེར་ལྔ་ནས་ཉེར་དགུའི་བར་གྱི་སྦྲུམ་མ་དང་བསྡུར་ན་ལྡབ་གཉིས་གྲངས་ཆུང་གསུམ་དགུ་ཡིན།

ལྗིད་ཚད་ལས་བརྒལ་བའམ་ཚོ་ཆེ་བ།     མངལ་སྦྲུམ་པའི་སྐབས་སུ་སྦྲུམ་མའི་ལུས་པོའི་ལྗིད་ཚད་འོས་སྦྱོར་བྱས་པའི་ལྗིད་ཚད་འཕར་བའི་ཁྱབ་ཁོངས་ལས་བརྒལ་ན།  ཁྲག་ཤེད་མཐོ་བའི་ནད་འབྱུང་ཚད་ལྡབ་གཅིག་གྲངས་ཆུང་བརྒྱད་ཀྱིས་ཇེ་མཐོར་འགྲོ་སྲིད།   2022ལོར་རང་རྒྱལ་གྱིས་ཁྱབ་བསྒྲགས་བྱས་པའི་མངལ་སྦྲུམ་པའི་དུས་ཀྱི་བུད་མེད་ཀྱི་ལུས་པོའི་ལྗིད་ཚད་འཕར་བའི་འོས་སྦྱོར་ཚད་གཞིའི་བསམ་འཆར་ལྟར་ན།     མངལ་མ་སྦྲུམ་སྔོན་ལ་ལུས་པོ་ཅུང་སྐམ་པ་དང་ལྗིད་ཚད་རྒྱུན་ལྡན་ཡིན་པ།    ལྗིད་ཚད་ལས་བརྒལ་བ།   ཚོན་པོ་ཡིན་པའི་བུད་མེད་ཀྱི་མངལ་སྦྲུམ་པའི་སྐབས་ཀྱི་ལུས་པོའི་ལྗིད་ཚད་འཕར་བའི་ཁྱབ་ཁོངས་ནི་སོ་སོར་སྟོང་ཁེ་བཅུ་གཅིག་ནས་བཅུ་དྲུག་དང་སྟོང་ཁེ་བརྒྱད་ནས་བཅུ་བཞི།   སྟོང་ཁེ་བདུན་ནས་བཅུ་གཅིག   སྟོང་ཁེ་ལྔ་ནས་དགུ་བཅས་ཡིན།

སྦྲུམ་མའི་ཁྲག་གི་མངར་ཆ་མཐོ་བ།    མངལ་སྦྲུམ་པའི་སྐབས་སུ་ཁྲག་གི་མངར་ཆ་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་ཡོད་པའི་སྦྲུམ་མར་ཁྲག་ཤེད་མཐོ་བའི་ནད་བྱུང་བའི་ཉེན་ཁ་ལྡབ་གཉིས་དང་གྲངས་ཆུང་བཞི་བརྒྱད་ཀྱིས་མཐོ་བ་རེད།

འཚོ་བཅུད་དོ་མཉམ་མིན་པ།     སྤྲི་དཀར་རྫས་དང་ཀལ།  ལྕགས།   འདབ་སྐྱུར་སོགས་ཀྱིས་མ་འདང་ན་མངལ་སྦྲུམ་པའི་སྐབས་སུ་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད།   མངལ་སྦྲུམ་པའི་སྐབས་སུ་མིའི་ལུས་པོའི་བརྗེ་ཚབ་ཇེ་མང་ལ་འགྲོ་བ་དང་ནུས་ཚད་སྡུད་ལེན་བྱེད་ཚད་མཐོ་བས།  ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་ཁྲག་གི་མངར་ཆ་རྒྱུན་ལྡན་མིན་པ་སོགས་ཀྱི་ཉེན་ཁ་ཡོད་པར་མ་ཟད།   ཁྲག་ཤེད་ཇེ་མཐོར་འགྲོ་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་སྲིད།

དེ་མིན།   མངལ་སྦྲུམ་པའི་དུས་སུ་ཚ་སེལ་བ་དང་ན་ཟུག་འཇགས་པའི་སྨན་དང་སེམས་འཚིག་པའི་ནད་བཅོ་བའི་སྨན་སོགས་བསྟེན་མྱོང་ན། ཁྲག་ཤེད་ཇེ་མཐོར་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

མངལ་སྦྲུམ་དུས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཀྱི་སྔོན་འགོག་བྱེད་ཐབས།

མངལ་སྦྲུམ་རྗེས་དུས་ལྟར་བརྟག་དཔྱད་བྱེད་དགོས་པ་དང་།   ཕ་མ་གཉིས་དང་མིང་སྲིང་ལ་ཁྲག་ཤེད་མཐོ་བའི་ནད་དང་མངལ་སྦྲུམ་དུས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཡོད་མྱོང་མཁན།      མངལ་མ་སྦྲུམ་པའི་སྔོན་ལ་ཁྲག་གི་མངར་ཆ་མཐོ་མཁན་སོགས་ཀྱིས་སྨན་པར་རང་གི་གནས་ཚུལ་བཤད་དགོས་པར་མ་ཟད།   བརྟག་དཔྱད་བྱེད་ཐེངས་ཇེ་མང་ལ་གཏོང་དགོས།

སྦྲུམ་མས་རང་ཁྱིམ་དུ་ཁྲག་ཤེད་འཇལ་ཆས་གྲ་སྒྲིག་བྱས་ཏེ་ཉིན་རེར་ཁྲག་ཤེད་འཇལ་ཆོག    གལ་ཏེ་སྦྲུམ་མར་ཁྲག་ཤེད་མཐོ་བ་དང་ཡང་ན་རྐང་པ་སྐྲངས་པ།   མགོ་ན་བ།   མིག་རབ་རུབ་དུ་འགྱུར་བ།   གསུས་པ་ན་བ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་བྱུང་ཚེ་དུས་ལྟར་སྨན་པར་སྟོན་དགོས།

བཟའ་བཏུང་འོས་འཚམ་ངང་བསྟེན་དགོས།    སྦྲུམ་མས་བཟའ་བཏུང་གི་རིགས་སྣ་མང་བསྟེན་དགོས། དེའི་དམིགས་ཡུལ་ནི་ཐཱན་ཆུ་འདྲེས་འགྱུར་རྫས་དང་སྤྲི་དཀར་རྫས་སོགས་ལུགས་མཐུན་ངང་སྡེབ་སྦྱོར་བྱེད་རྒྱུ་དེ་ཡིན།    བཟའ་ཚད་ཇེ་ཉུང་དུ་བཏང་ནས་ཟས་ཐུན་ཇེ་མང་དུ་བཏང་ཆོག་སྟེ་ཉིན་རེར་ཟས་ཐུན་ལྔ་ནས་དྲུག་ཟས་ཆོག    ནངས་ཇ་སྔ་དྲོའི་ཆུ་ཚོད་དྲུག་ནས་བརྒྱད་ཀྱི་བར་བཟའ་དགོས།   ཉིན་རེར་སྤྲི་དཀར་རྫས་འདང་ངེས་ཤིག་ཁ་གསབ་བྱེད་དགོས་ཏེ།  ཉ་དང་ཆུ་འབུའི་རིགས།   བྱ་སྒོང་།   འོ་མ།   སྲན་རིགས་སོགས་ཚིལ་ཉུང་བ་དང་སྤུས་ལེགས་སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་བའི་བཟའ་བཅའི་རིགས་བཟའ་དགོས།  ཚན་རིག་དང་མཐུན་པའི་བཟའ་བཏུང་བསྟེན་ཐབས་སྤྱད་ན།  སྦྲུམ་མས་མངལ་སྦྲུམ་པའི་དུས་ཀྱི་ལུས་པོའི་ལྗིད་ཚད་ལུགས་མཐུན་གྱི་འཕར་ཚད་ཅིག་ཏུ་ཚོད་འཛིན་བྱེད་ཐུབ།

མངལ་སྦྲུམ་པའི་དུས་དཀྱིལ་དང་དུས་མཇུག་ཏུ། སྦྲུམ་མའི་ཀལ་དང་ལྕགས་ཀྱི་མཁོ་ཚད་ཇེ་མང་དུ་འགྲོ་སྲིད་པ་དང་།   གལ་ཏེ་བཟའ་བཅའི་ཁྲོད་དུ་ལྕགས་དང་ཀལ་གྱི་འདུས་ཚད་མ་འདང་ཚེ།   བུ་རིགས་ལ་ཁྲག་མཁོ་འདོན་བྱེད་ཚད་སོགས་ཇེ་ཉུང་དུ་སོང་ནས་ཁྲག་ཤེད་ཇེ་མཐོར་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།     དེ་བས།   སྦྲུམ་མས་ཀལ་དང་ལྕགས་ཀྱི་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་དགོས་པར་མ་ཟད།    སྨན་པའི་མཛུབ་སྟོན་ལྟར་འོས་འཚམ་ངང་འཚོ་རྒྱུ D  སོགས་བསྟེན་དགོས།

དེ་མིན།   འོས་འཚམ་གྱིས་སྦྱོང་བརྡར་བྱེད་དགོས་པ་དང་སྤྲོ་སྐྱིད་ཀྱི་སེམས་ཁམས་སྲུང་འཛིན་བྱེད་དགོས།  སྤྲོ་སྐྱིད་ཀྱི་སེམས་ཁམས་ཀྱིས་སྦྲུམ་མའི་སེམས་ཁམས་མི་ལེགས་པ་སེལ་ཐུབ་པར་མ་ཟད།  གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པ་དང་།   ཁྲག་ཤེད་གཏན་འཇགས་ཡོང་བར་ཕན་ཐོགས་ཡོད།

ད་རུང་གཉིད་འདང་ངེས་ཤིག་ལོག་དགོས།   སྦྲུམ་མ་རྣམས་ཉིན་རེར་ཆུ་ཚོད་བརྒྱད་ཀྱི་ཡན་ལ་གཉིད་དགོས་པ་དང་།  གཉིད་པའི་སྐབས་སུའང་གཡོན་ཕྱོགས་སུ་ཉལ་ན་ལུས་ཡོངས་དང་བུ་རོགས་ཀྱི་ཁྲག་འཁོར་སྐྱོད་བྱེད་པར་ཕན་པར་མ་ཟད།   ཁྲག་ཤེད་ཇེ་མཐོར་འགྲོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།


ལྷ་མོ་ཚེ་རིང་གིས་བསྒྱུར།