བྱིས་པའི་རྒྱུན་མཐོང་ནད་རིགས་འགའི་སྔོན་འགོག་དང་གསོ་བཅོས་བྱེད་ཐབས།
2024.12.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 17

གློ་ཚད།  གློ་ཚད་ནི་ནད་སྲིན་རིགས་མི་འདྲ་བའམ་སྤྱོད་ལམ་སོགས་ཀྱི་རྐྱེན་ལ་བརྟེན་ནས་བྱུང་བའི་གློ་བའི་གནས་ཀྱི་ནད་ངོ་བོ་ཚ་བ་ཅན་ལ་ཟེར། དེའི་ནད་རྟགས་ལ་ཚ་རྒྱག་པ་དང་གློ་ལུ་བ།   ཟས་ལ་ཡི་ག་མེད་པ།  སྐྱུག་ཅིང་བཤལ་བ།  ཚིག་པ་ཟ་བ།  དབུགས་ལེན་ཚད་ཇེ་མགྱོགས་སུ་འགྲོ་སྟེ་སྐར་མ་རེར་ཐེངས་བཞི་བཅུ་ལས་མང་བ་ཡིན།   གལ་ཏེ་ངོ་མདོག་སྨུག་པོའམ་སྐྱ་བོར་འགྱུར་བ་དང་ཚིག་པ་ཟ་བ།   སྙིང་ཕྱོད་འཕེལ་ཏེ་སྐར་མ་རེར་ཐེངས་བརྒྱ་དང་དྲུག་ཅུ་ནས་བརྒྱ་དང་བརྒྱད་ཅུ་ལ་འཕར་བ།  གསུས་པ་སྦོས་པ།  མདོག་ཁམ་ནག་ཅན་སྐྱུག་པ་སོགས་ཀྱི་ནད་རྟགས་བྱུང་ན་ནད་ཅུང་ཚབས་ཆེ་བའི་རྟགས་ཡིན།   སྔོག་འགོག་བྱེད་ཐབས་དང་བཅོས་ཐབས་ཐད་ནས།  བོད་ཀྱི་གསོ་རིག་ལྟར་ན་རྒུན་འབྲུམ་བདུན་པ་དང་བློན་པོ་སུམ་སྦྱོར་སོགས་ནད་བབ་ལ་དཔག་སྟེ་བསྟེན་དགོས་ཤིང་།   ཚ་བ་ཤིན་ཏུ་ཆེ་ན་ལག་ཕྱིས་ཆུ་འཁྱག་ཏུ་སྦངས་པའི་ཆུ་བཙིར་རྗེས་ཐོད་པ་དང་སྐེ།  མཆན་འོག་སོགས་སུ་གླན་པ་སོགས་བྱས་ནས་ཚ་བ་གཅོག་པར་བྱེད་དགོས།  དེ་མིན་བྱིས་པ་སྙོལ་སའི་ཁང་བར་གཙང་སྦྲ་ལེགས་པོ་བྱེད་པ་དང་ལུགས་མཐུན་སྒོས་རླུང་རྒྱུ་རུ་འཇུག་པ།   ཁང་བའི་ནང་གི་དྲོད་ཚད་ཏུའུ་ཉི་ཤུ་ལས་མི་དམའ་བ་དང་བརླན་ཚད་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་དྲུག་ཅུའི་བར་བྱེད་དགོས།   གལ་ཏེ་ངོ་མདོག་སྨུག་པོའམ་སྐྱ་བོར་འགྱུར་བ་དང་སྙིང་ཕྱོད་འཕེལ་ཏེ་སྐར་མ་རེར་ཐེངས་བརྒྱ་དང་དྲུག་ཅུ་ནས་བརྒྱ་དང་བརྒྱད་ཅུའི་བར་འཕར་བ་སོགས་ཀྱི་ཅུང་ཚབས་ཆེ་བའི་ནད་རྟགས་བྱུང་ན་འགོར་འགྱངས་མེད་པར་དུས་ལྟར་སྨན་ཁང་དུ་སོང་ནས་སྨན་པར་སྟོན་དགོས།

མཆིན་ཚད།   མཆིན་ཚད་ལ་རིགས་མང་ཡང་ནད་དུག་གིས་བསྐྱེད་པའི་མཆིན་ཚད་ནི་རྒྱུན་མཐོང་གི་རིགས་དང་འགོས་མཆེད་ཀྱི་རང་བཞིན་ཅན་ཡིན།    བྱིས་པར་འབྱུང་མང་བ་ནི་རིགས་ཀ་བ་ཡིན་ལ་ལྷག་པར་དུ་སྟོན་ཁ་དང་དགུན་ཁའི་དུས་སུ་འབྱུང་བ་མང་།   ནད་རྟགས་ལ་ཚ་རྒྱག་པ་དང་མགོ་ན་བ།   ཟས་ཀྱི་ཡི་ག་ཞན་པ།  སྐྱུག་པ་སོགས་འབྱུང་ལ།  ཉིན་འགའི་རྗེས་ནས་མཆིན་ནུས་རྒྱུན་ལྡན་མིན་པ་དང་ཆུ་མདོག་སེར་པོར་འགྱུར་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན།  མང་ཆེ་བ་གཟའ་འཁོར་གཉིས་ནས་གསུམ་གྱི་རྗེས་སུ་སངས་དྲག་ཏུ་འགྲོ་ཐུབ།   གཞན་ད་རུང་བཤང་བ་དཀར་བ་དང་ཚིགས་ན་བ།   པགས་འབྲུམ་འབྱུང་བ་སོགས་ནི་མཆིན་ཚད་འབྱུང་རྟགས་ཡིན་པས་མཉམ་འཇོག་བྱེད་དགོས།

སྔོན་འགོག་བྱེད་ཐབས་དང་བཅོས་ཐབས་ཐད་ནས།  བོད་ཀྱི་གསོ་རིག་ལྟར་ན་སྤྱོད་ལམ་དྲག་པོ་མི་བསྟེན་པ་དང་།  ཟས་ལ་ཐོག་མར་སྣུམ་དང་ཚིལ་ཉུང་བའི་རིགས་བསྟེན་དགོས།   ནད་བབ་ཅུང་ཟད་བདེ་རུ་སོང་རྗེས་ཟས་བཅུད་ཅན་འཇུ་སླ་བའི་རིགས་བསྟེན་རུང་བ་ཡིན།   སྨན་ལ་དེང་རབས་གསོ་རིག་ལྟར་ན་སྤྲི་དཀར་ཟླུམ་པོ་རིགས་ག་བའི་ཁབ་བརྒྱབ་ན་མཆིན་ཚད་སྔོན་འགོག་བྱེད་པར་ཕན།

ཁྲག་ཞན་པ།   བྱིས་པའི་ཁྲག་ཞན་ཞེས་པ་ནི་དངོས་བཤེར་ཁང་གི་ཚད་གཞི་ལྟར་ན་ཁྲག་ཧོ་ཧྲིན་གང་གི་ནང་གི་ཕྲ་ཕུང་དམར་པོ་ཁྲི་སུམ་བརྒྱ་ལྔ་བཅུ་ལས་ཉུང་བ་དང་ཁྲག་དམར་སྤྲི་དཀར་ཁེ0.11ལས་ཉུང་བ་ལ་ཟེར།   ནད་རྟགས་ལ་འཚོ་ཅུད་མ་འདང་བའི་རིགས་ཀྱི་ཁྲག་ཞན་ལ་པགས་པ་དང་སྐྱི་མོ་སྐྱ་ཞིང་།  སྒྱིད་ལུག་ཡིན་པ།  སྡོད་མི་ཚུགས་པ།   རིག་པ་སྒྲིམ་མི་ཐུབ་པ།   ལ་ལར་ཟས་ལ་ཁ་འདམ་ཆེ་བའང་འབྱུང་།  སྔོན་འགོག་དང་བཅོས་ཐབས་ཐད་ནས།   བོད་ཀྱི་གསོ་རིག་ལྟར་ན་ཨ་མས་ཟས་ལ་ཁ་འདམ་མི་བྱེད་པར་འཚོ་བཅུད་ཕུན་སུམ་ཚོགས་པའི་ཟས་ཟ་བ་དང་བྱིས་པ་ལ་ནུ་མ་བསྣུན་པ།  གཙང་སྦྲ་ལེགས་པར་བྱེད་པ།   བྱིས་པ་ཟླ་གསུམ་ལོན་རྗེས་ཞོར་ཟས་བསྟེན་པ་བཅས་ཀྱིས་སྤྱིར་བཏང་ནད་དེ་སྔོན་འགོག་བྱེད་ཐུབ།   འཚོ་བཅད་མ་འདང་བའི་རིགས་ལ་ཟས་བཅུད་ཅན་དང་སྔོ་ཚོད་གསར་པའི་རིགས། སྲན་མའི་རིགས་སོགས་བསྟེན་ཏེ་བཅོས་དགོས།   སྨན་ལ་དེང་རབས་གསོ་རིག་ལྟར་ན་འཚོ་བཅུད་མ་འདང་བའི་ཁྲག་ཞན་རིགས་ལ་ལྕགས་རྗས་ཀྱི་སྨན་བསྟེན་དགོས།

གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ལས་བདམས་པ་ཡིན།