རུས་སྒྲོམ་ནི་མི་ལུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེའི་སྐྱེ་འཚར་གྱིས་ལུས་ཧྲིལ་བོའི་ཤ་གནད་ཀྱི་སྐྱེ་འཚར་དང་དབང་བོའི་སྐྱེ་འཚར་ལ་སྐུལ་ཁྲིད་བྱེད་བཞིན་ཡོད་པར་མ་ཟད། ཀླད་པ་དང་སྙིང་སོགས་དབང་བོ་གལ་ཆེན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། རུས་སྒྲོམ་ནང་དུ་ད་རུང་རྐང་མར་ཡོད་པས། ལུས་ཕུང་ལ་རྒྱུན་ཆད་མེད་པར་ཁྲག་གི་ཕྲ་ཕུང་འདོན་སྤྲོད་བྱེད་བཞིན་ཡོད།
ལུས་ཧྲིལ་བོར་བསྡོམས་པས་རུས་སྒྲོམ་ཉིས་བརྒྱ་དང་དྲུག་ཡོད་ལ། དེའི་ནང་གི་བརྒྱ་ཆའི་བདུན་ཅུ་ནི་ཀལ་དང་ལིན་སོགས་སྐྱེ་མེད་དངོས་པོ་ཡིན་ཞིང་། དེས་རུས་སྒྲོམ་གྱི་སྲ་མཁྲེགས་སྲུང་འཛིན་བྱེད་བཞིན་ཡོད། སྤྲི་དཀར་རྫས་སོགས་སྐྱེ་ལྡན་དངོས་པོས་ཀལ་དང་ལིན་འདྲེས་སྦྱོར་བྱས་ནས་རུས་སྒྲོམ་གྱི་མཉེན་གཤིས་ལ་འགན་སྲུང་བྱེད་བཞིན་ཡོད། རུས་སྒྲོམ་ནི་ཀལ་གསོག་ཉར་བྱེད་སའི་གནས་གཙོ་བོ་ཡིན་ཞིང་། དེ་ལ་ཀལ་མཛོད་ཀྱང་ཟེར།
ལུས་པོའི་ལྗིད་ཚད་ཀྱིས་རུས་སྒྲོམ་བདེ་ཐང་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།
ལུས་པོའི་ལྗིད་ཚད་ནི་མི་ལུས་ཀྱི་བརྗེ་ཚབ་དང་རུས་སྒྲོམ་བདེ་ཐང་གི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། ཚེ་སྲོག་གི་དུས་རིམ་སོ་སོར་རུས་སྒྲོམ་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། ཞིབ་འཇུག་ལས་མངོན་པ་ལྟར་ན། ལུས་པོའི་ལྗིད་ཚད་དམའ་བ་དང་ལྗིད་ཚད་ཚད་ལས་བརྒལ་བ་གང་ཡིན་ཡང་རུས་སྒྲོམ་གྱི་བདེ་ཐང་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད།
ལུས་པོའི་ལྗིད་ཚད་དམའ་བ་ནི་རུས་སོབ་ཀྱི་ནད་དང་སོབ་གཤིས་རུས་ཆག་གི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཡིན་ཞིང་། དེ་ནི་འཚོ་བཅུད་ཀྱིས་མ་འདང་བས་ཡིན་ལ། ལྷག་པར་དུ་ཀལ་དང་སྤྲི་དཀར་རྫས་བསྡུ་ལེན་བྱེད་ཚད་མ་འདང་ན། རུས་ཆག་འབྱུང་བའི་ཉེན་ཁ་དེ་ལས་ཆེ་བ་ཡིན།
བདེ་ཐང་གི་ལྗིད་ཚད་དམ་ཡང་ན་ལྗིད་ཚད་འོས་འཚམ་གྱིས་ཇེ་མཐོར་འགྲོ་བའི་སྐབས་སུ་རུས་པའི་སྟུག་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། འོན་ཀྱང་མི་ཚོན་པོའི་ཕོ་བའི་ཚིལ་གསོག་ཚད་ཇེ་མང་དུ་སོང་ན་རུས་པའི་སྟུག་ཚད་ཇེ་ཉུང་དུ་འགྲོ་བ་ཡིན། ཧ་ཅང་ཚོ་དྲག་པ་ལས་བྱུང་བའི་ཚིལ་གྱི་ཁྱབ་ཚུལ་དོ་མཉམ་མིན་པ་དང་བརྗེ་ཚབ་གནད་དོན་གྱིས་རུས་ཆག་འབྱུང་བའི་ཉེན་ཁ་ཆེ་རུ་གཏོང་སྲིད་པ་དང་། ལྷག་པར་དུ་དཔྱི་མགོའི་རུས་ཆག་འབྱུང་བའི་ཉེན་ཁ་ཆེ་རུ་གཏོང་སྲིད། ཉེན་ཁ་དེའི་རིགས་ནི་ཚིལ་གྱི་གྲུབ་ཚུལ་གྱིས་ནང་གི་ཟགས་ཐོན་མ་ལག་ལ་ཤུགས་རྐྱེན་ཐེབས་ཏེ་རུས་སྒྲོམ་གྱི་བརྗེ་ཚབ་དང་གྲུབ་ཚུལ་ལ་འགྱུར་བ་བཏང་བ་ལས་བྱུང་བ་ཡིན་ངེས། དེ་མིན། ལུས་པོ་ཚོ་དྲག་ན་ད་རུང་འགུལ་སྐྱོད་ཀྱི་ནུས་པར་ཚད་བཀག་བྱས་ནས་རུས་སྒྲོམ་གྱི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་མ་ཟད། གལ་ཏེ་ད་རུང་རུས་སོབ་ཀྱི་ནད་ཡོད་ན། རུས་ཆག་འབྱུང་བའི་ཉེན་ཁ་མངོན་གསལ་གྱིས་ཆེ་རུ་འགྲོ་སྲིད། དེ་བས། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བཟང་བོ་བྱེད་རྒྱུ་དེ་རུས་སྒྲོམ་བདེ་ཐང་ཐད་ཧ་ཅང་གལ་ཆེ་བ་ཡིན།
རུས་སྒྲོམ་སྲུང་སྐྱོབ་བྱེད་ཐབས།
འཚོ་བཅུད་འོས་འཚམ་ངང་ཁ་གསབ་བྱེད་པ་དང་སྟོབས་ཤུགས་སྦྱོང་བརྡར་བྱེད་པ་སོགས་བྱས་ན་བཟང་།
བཟའ་བཏུང་དོ་མཉམ་ཡོང་དགོས། འོ་མ་འཐུང་དགོས་པ་དང་ཀལ་ཀྱི་འདུས་ཚད་མཐོ་བའི་ཟས་རིགས་ཟ་དགོས་ལ། སྨན་པའི་ངག་བཞིན་དུ་ཀལ་ཁ་གསབ་བྱས་ཆོག དེ་མིན་ཚྭ་ཉུང་བའི་བཟའ་བཏུང་བསྟེན་དགོས་པ་དང་། ཉིན་རེའི་ཚྭ་སྡུད་ལེན་བྱེད་ཚད་ཁེ་ལྔ་ལས་བརྒལ་མི་རུང་། ཉིན་རེར་སྤྲི་དཀར་རྫས་ཁེ་གཅིག་ནས་ཁེ་གཅིག་དང་གྲངས་ཆུང་གཉིས་བསྡུ་ལེན་བྱེད་དགོས། ད་རུང་ཉིན་རེར་སྔོ་ཚལ་གསར་པ་དང་སིལ་ཏོག་འདང་ངེས་ཟོས་ནས་འཚོ་རྒྱུ K བསྡུ་ལེན་བྱས་ན། རུས་སྒྲོམ་ནང་གི་ཀལ་གྱི་ཤོར་ཚད་ཇེ་ཉུང་དུ་གཏོང་ཐུབ། ཆང་དང་འཚིག་ཇ། ཐཱན་སྐྱུར་གྱི་བཏུང་བྱའི་རིགས་མ་བསྟེན་ན་བཟང་།
ལུགས་མཐུན་གྱི་སྦྱོར་བརྡར་རྒྱུན་འཁྱོངས་བྱེད་དགོས། སྦྱོང་བརྡར་མ་བྱས་པའི་སྔོན་ལ་སྨན་པར་རང་གི་གནས་ཚུལ་ལ་དཔྱད་འཇོག་བྱེད་དུ་བཅུག་ན་བཟང་།
དེ་མིན། ཉིན་རེར་སྐར་མ་བཅོ་ལྔ་ནས་སྐར་མ་སུམ་ཅུའི་རིང་ལ་ཉི་མར་ལྡེ་དགོས་པ་དང་། གཟའ་འཁོར་རེར་ཉུང་མཐར་ཡང་ཐེངས་གཉིས་ལ་ཉི་མར་ལྡེ་དགོས།
རུས་སོབ་ཀྱི་ནད་ལ་མཐོང་ཆེན་བྱེད་དགོས།
རུས་སྒྲོམ་བདེ་ཐང་ལ་གནོད་པ་ཐེབས་ན་ནད་རིགས་མང་པོ་འབྱུང་སྲིད། རུས་སོབ་ཀྱི་ནད་ནི་དར་མ་དང་རྒན་པ་རྣམས་ལ་འབྱུང་བའི་ཆེས་རྒྱུན་མཐོང་གི་རུས་སྒྲོམ་ནད་རིགས་ཤིག་ཡིན་པ་དང་། དེའི་ནད་རྟགས་ནི་རུས་པའི་གཏེར་རྗས་ཀྱི་ཚད་ཉུང་བ་དང་རུས་པའི་གྲུབ་ཚུལ་ལ་གཏོར་བརླག་ཐེབས་པ། རུས་པའི་དྲག་ཚད་དམའ་བ། རུས་ཆག་འབྱུང་སླ་བ་སོགས་ཡོད། དེ་བས། རུས་སོབ་ནད་ཀྱི་སྔོན་འགོག་དང་ཞིབ་བཤེར། གསོ་བཅོས་སོགས་ལ་དོ་སྣང་བྱེད་དགོས།
ཟླ་མཚན་ཆད་པའི་བུད་མེད་ཀྱི་ཁྲོད་དུ་ཉི་འོད་ཕོག་པ་དང་འཚོ་རྒྱུD ཡི་བསྡུ་ལེན་བྱས་པ་མི་འདང་བ། དུས་ཡུན་རིང་བོར་དུ་ཆང་བསྟེན་པ། རུས་པའི་བརྗེ་ཚབ་ལ་གནོད་པའི་ནད་ཡོད་པའམ་ཡང་ན་རུས་པའི་བརྗེ་ཚབ་ལ་གནོད་པའི་སྨན་བསྟེན་མཁན་རྣམས་ཀྱིས་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ན་བཟང་།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།