མི་མང་པོས་རང་གི་མིག་རྩ་དམར་པོ་ཆགས་པ་མཐོང་སྐབས་ཐོག་མར་ཡིད་ལ་དྲན་པ་ནི་གཉིད་ཀྱིས་མ་འདང་བ་དེ་ཡིན། ཡིན་ནའང་། སྐབས་ལ་ལར་མིག་རྩ་དམར་པོ་ཆགས་པའི་རྒྱུ་རྐྱེན་ནི་གཉིད་ཀྱིས་མ་འདང་བ་ཁོ་ན་ཙམ་མིན་པར། དེ་ཁྲག་ཤེད་མཐོ་བའི་ནད་རྟགས་ཤིག་ཡིན་ཡང་སྲིད།
ང་ཚོའི་མིག་གི་དཀར་པོའི་ཆ་ནི་ནམ་རྒྱུན་དཀར་པོ་ལྟར་སྣང་ཡང་། དོན་ལ་དེའི་སྟེང་དུ་ཁྲག་རྩ་ཕྲ་མོ་མང་པོ་ཡོད། ཡིན་ནའང་དེ་དག་ཚང་མ་ཤིན་ཏུ་ཕྲ་བའི་ཁྲག་རྩ་ཡིན་པས། ང་ཚོས་དུས་རྒྱུན་མཐོང་མི་ཐུབ། གལ་ཏེ་ངལ་གསོ་བྱས་པ་མི་བཟང་ཚེ་ཁྲག་རྩ་ཕྲ་མོ་དེ་དག་གི་ནང་ཁྲག་གིས་ཁེངས་ཏེ་ཅུང་མངོན་གསལ་དུ་འགྱུར་སྲིད།
གཉིད་ཀྱིས་མ་འདང་བ་ལ་རྐྱེན་བྱས་ཏེ་མིག་རྩ་དམར་པོར་འགྱུར་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས། ངལ་གསོ་ཅུང་ཙམ་བྱས་ཚེ་སླར་གསོ་བྱེད་ཐུབ། གལ་ཏེ་མིག་ནང་དམར་པོར་གྱུར་ཏེ་དུས་ཡུན་རིང་བོར་མི་ཡལ་བ་དང་སྐྲངས་པ། མིག་ཅུང་ཟད་ན་བ་སོགས་ཀྱི་མི་བདེ་བའི་ནད་རྟགས་བྱུང་ན། རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པར་དོགས་ཟོན་བྱེད་དགོས་ཏེ། དེ་ནི་ཁྲག་ཤེད་མཐོ་བའི་ནད་ཀྱི་བརྡ་རྟགས་ཤིག་ཡིན་ཡང་སྲིད།
དེའི་རྒྱུ་མཚན་ནི་ཁྲག་ཤེད་མཐོ་བའི་ནད་ཀྱིས་ཁྲག་རྩ་ཆེ་རུ་གཏོང་སྲིད་པར་མ་ཟད། ཐ་ན་ཁྲག་རྩ་བརྡོལ་ཡང་སྲིད་པས། མིག་གི་དཀར་པོའི་ཆ་དམར་པོར་འགྱུར་སྲིད། གཞན་ད་རུང་ཁྲག་ཤེད་མཐོ་བའི་ནད་ཀྱིས་མིག་གི་བླ་གཉན་མང་པོ་བསྐྱེད་སྲིད་དེ།
མཐོང་ནུས་ཇེ་ཞན་དུ་འགྲོ་བ། ནད་རྟགས་ལ་མིག་སྐམ་པ་དང་ཚ་བ། ན་བ། མིག་ནང་དུ་དངོས་པོ་ཞིག་ཡོད་པ་ལྟ་བུའི་ཚོར་བ་འབྱུང་བ། མགོ་ན་བ་སོགས་ཡོད།
མིག་འབྲས་ངོས་ནས་ཁྲག་རྡོལ་བ། ནད་རྟགས་ལ་མིག་འབྲས་མཐོང་སྐྱིའི་འོག་ནས་ཁྲག་བརྡོལ་ཏེ་མིག་དམར་པོ་འགྱུར་ངེས། གལ་ཏེ་དུས་རྒྱུན་ཁྲག་བརྡོལ་ནས་མིག་དམར་པོར་གྱུར་ན་སྨན་པར་སྟོན་འོས།
མིག་ཞབས་ནས་ཁྲག་རྡོལ་བ། ནད་རྟགས་ལ་མཐོང་ནུས་ཇེ་ཞན་དུ་འགྲོ་བ་དང་མིག་མདུན་དུ་གྲིབ་མ་ཞིག་ཡར་འགུལ་མར་འགུལ་བྱེད་པ་ལྟ་བུའི་ཚོར་བ་འབྱུང་ལ། ཚབས་ཆེ་ན་མིག་གིས་འོད་ཙམ་ལས་མི་མཐོང་བར་འགྱུར་ངེས།
མྱུར་བའི་རང་བཞིན་གྱི་སྔོ་གྲིབ་མིག་ནད་འབྱུང་བ། ནད་རྟགས་སུ་མིག་ལ་ན་ཟུག་ཆེན་པོ་ལངས་པ་དང་ཞེན་ཁ་ལོག་པ། སྐྱུག་པ། ཚ་རྒྱས་པ། གྲང་བར་སྐྲག་པ་སོགས་ཡོད་ལ། རྟག་པར་ཕོ་རྒྱུའི་ནད་དང་ཆམ་པར་ནོར་ཉེན་ཆེ།
མིག་འབྲས་འོག་ཏུ་ཁྲག་ཆད་པ།
ཁྲག་ཤེད་མཐོ་བའི་ནད་པའི་ཁྲག་རྩའི་ནང་ངོས་རྩུབ་ལ་དོག་པས། ཁྲག་དཀག་འབྱུང་སླ་བ་ཡིན། གལ་ཏེ་ཁྲག་དཀག་བྱུང་ནས་འཕར་རྩ་འགག་ཚེ། གློ་བུར་དུ་མིག་གིས་མི་མཐོང་བའི་ཉེན་ཁའང་འབྱུང་སྲིད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།