གློ་མདུད་ནད་པས་དོ་སྣང་བྱེད་དགོས་པའི་གནད་འགའ།
2024.12.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

གློ་མདུད་ཅེས་པ་ནི་གློ་བའི་རྨེན་མདུད་སྐྲངས་པའམ་བྲང་ཁོག་ཏུ་ཆུ་སེར་བསགས་པ་ལས་བྱུང་བ་རེད། གློ་མདུད་ནི་ཀྲུང་ལུགས་གསོ་རིག་གི་ངོས་འཛིན་ལས་སྐྲན་རིགས་ཀྱི་ཁྱབ་ཁོངས་སུ་གཏོགས། གློ་མདུད་བྱུང་རྗེས། འཚོ་བའི་ཁྲོད་ནས་ཚང་མས་དོན་དག་འདི་དག་ལ་དོ་སྣང་བྱེད་དགོས།

གཅིག ལུགས་མཐུན་གྱི་བཟའ་བཏུང་སྤྱོད་པ། དུས་རྒྱུན་གྱི་འཚོ་བའི་ཁྲོད་མི་མང་པོ་ཞིག་འཁྱག་ཟས་བཟའ་རྒྱུར་དགའ་བ་དང་། མི་ལ་ལས་རྒྱུན་དུ་རྒྱས་ཟ་རྒྱས་འཐུང་དང་ཆང་མང་པོ་འཐུང་བཞིན་ཡོད། གྲང་འཁྱག་གིས་ཕོ་བར་གནོད་པས་རྒྱུན་དུ་གྲང་འཁྱག་གི་ཟས་རིགས་ཟོས་ན་ཟས་འཇུ་བ་དང་བསྡུ་ལེན་བྱེད་པར་གནོད་པ་ཐེབས་སྲིད། རྒྱས་ཟ་རྒྱས་འཐུང་བྱེད་པ་དང་ཤ་ཚོན་པོ་མང་དུ་ཟོས་ཏེ། དཀར་ཟས་དང་དམར་ཟས་སྡེབ་སྒྲིག་འོས་འཚམ་མ་བྱུང་ནའང་ཕོ་བར་གནོད་འཚེ་ཐེབས་པ་རེད། དེ་བས། ཆོས་ཉིད་དང་མཐུན་པའི་སྒོ་ནས་ཟ་མ་བཟའ་བ་དང་། ཟས་ཚོད་རན་པར་བྱེད་པ། རོ་དྲུག་སྙོམས་སྒྲིག་བྱེད་པ། འཁྱག་ཟས་ཉུང་ཙམ་ཟ་བ། ཆང་ཉུང་ཙམ་འཐུང་བ་བཅས་ནི་ལུས་ཟུངས་གསོ་བའི་ཐབས་ལམ་ཡིན།

གཉིས། ཐ་མག་གཅོད་པ། ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཐ་མག་གི་དུ་སྨུག་ཁྲོད་དུ་མ་མཐའ་ཡང་ཉི་ཀུའུ་ཏེན་སོགས་འབྲས་སྐྲན་འབྱུང་བའི་དངོས་པོ་རིགས50ཡོད།  དོ་སྣང་བྱེད་དགོས་པ་ཞིག་ནི་གློ་མདུད་ཚབས་ཆེ་བ་ཁ་ཤས་ནི་གློ་བའི་སྐྲན་ནད་སློང་བའི་གཞི་རེད། དེ་བས་གློ་མདུད་བྱུང་ཡོད་པ་ཤེས་རྗེས་ནད་པས་ཐ་མག་བཅད་དེ་དུ་སྨུག་ཁྲོད་ཀྱི་གནོད་ལྡན་རྫས་ཀྱིས་གློ་བར་ཡུན་རིང་གནོད་འཚེ་ཕོག་ཚད་ཇེ་ཉུང་དུ་གཏོང་དགོས།

གསུམ། འགུལ་སྐྱོད་འོས་འཚམ་བྱེད་པ། འགུལ་སྐྱོད་འོས་འཚམ་བྱས་ན་གློ་མདུད་ནད་པར་ཕན་པ་ཡོད་པས། རང་ཉིད་ལ་འཚམ་པའི་ལུས་སྦྱོང་བྱེད་སྟངས་དང་ལུགས་མཐུན་གྱི་འགུལ་སྐྱོད་དུས་ཚོད་བཀོད་སྒྲིག་བྱེད་དགོས། མི་མང་པོ་ཞིག་ལ་དགུན་ཁར་ཞོགས་སྦྱོང་བྱེད་པའི་གོམས་གཤིས་ཡོད་མོད། འོན་ཀྱང་དེ་ལྟར་བྱས་ན་ཕོ་བའི་མེ་དྲོད་ལ་མི་ཕན་པས། ཉི་མ་ཤར་ནས་ དྲོད་ཚད་རིམ་བཞིན་ཇེ་མཐོར་སོང་རྗེས་འགུལ་སྐྱོད་བྱེད་དགོས།

བཞི། འགྲོ་འདུག་རྒྱུན་ལྡན་བྱེད་པ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱ་རྒྱུ་ནི་ལུས་ཟུངས་གསོ་བའི་ཐབས་མཆོག་ཡིན། གློ་མདུད་ནད་པར་མཚོན་ན། གཉིད་བདེ་བ་ནི་ལུས་ཕུང་སླར་གསོ་འབྱུང་བའི་གནད་གལ་ཆེན་ཞིག་ཡིན། གལ་ཏེ་ཆ་རྐྱེན་འཛོམས་ན། ཉིན་རེའི་ཉིན་གུང་དུ་འོས་འཚམ་གྱིས་ངལ་གསོས་ནས་ལུས་སྟོབས་གསོ་དགོས། མཚན་མོར་རབ་ཡིན་ན་དུས་ཚོད་བཅུ་གཅིག་གི་སྔོན་ལ་ཉལ་ན་བཟང་།

ལྔ། དྲོད་གྲང་འཚམ་པོ་བྱེད་པ། མིག་སྔར་གྲང་ངར་ཆེ་བའི་དུས་ཚིགས་ལ་སླེབས་ཡོད་པས། གློ་མདུད་ནད་པས་ལྭ་བ་མཐུག་པོ་གྱོན་ནས་དྲོད་གྲང་འོས་འཚམ་བྱས་ན་ལུས་ཟུངས་གསོ་བར་ཕན་ཐོགས་ཡོད། གལ་ཏེ་ལྭ་བ་སྲབ་ན་གྲང་ངར་འགོག་མི་ཐུབ་པ་དང་། ཕོ་བའི་མེ་དྲོད་ཉམས་འགྲོ་བ་རེད། དེ་ལས་གཞན། གྲང་ངར་ནི་རྐང་པ་ནས་བྱུང་བ་ཡིན་པས། དགུན་དུས་སུ་ཚང་མས་དྲོད་སྲུང་གི་ལྷམ་དང་རྐང་འབོབ་གྱོན་དགོས། གྲང་རླུང་གིས་ཕོ་བར་གནོད་པ་དང་དབུགས་ཁྲག་གི་འཁོར་སྐྱོད་བཀག་འགོག་བྱས་ནས་བཟའ་བཏུང་མི་ཞུ་བ་དང་ན་ཟུག་ལངས་པ། ཕོ་བ་ན་བ་དང་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་བ་སྔོན་འགོག་བྱེད་དགོས།

དྲུག སེམས་ཁམས་སྙོམས་སྒྲིག་བྱེད་པ། 《ཧོང་ཏིའི་གསོ་རིག་བསྟན་བཅོས》སུ། ཁོང་ཁྲོ་ལངས་ན་མཆིན་པར་གནོད། དགའ་བ་དྲགས་ན་སྙིང་ལ་གནོད། སྐྱོ་བ་དྲགས་ན་གློ་བར་གནོད། སེམས་ངལ་ཆེ་ན་མཚེར་བར་གནོད། འཇིགས་དངངས་ཆེ་ན་མཁལ་མར་གནོད་ཅེས་བསྟན་ཡོད། དེ་བས། གློ་མདུད་ནད་པས་སེམས་ཁམས་ལྷོད་པོ་དང་སེམས་ཁམས་སྐྱིད་པོ་ཡོང་བར་དོ་སྣང་བྱས་ཏེ། སེམས་ཁམས་མི་ལེགས་པ་དུས་ཐོག་ཏུ་སྙོམས་སྒྲིག་བྱེད་དགོས།

བདུན། དུས་བཅད་ལྟར་ཞིབ་བཤེར་བྱེད་པ། གློ་མདུད་བྱུང་ཡོད་པ་ཤེས་རྗེས།  དུས་བཅད་ལྟར་ཚད་ལྡན་སྨན་ཁང་དུ་སོང་ནས། སྨན་པའི་ངག་བཞིན་བརྙན་རིས་རིག་པའི་བརྟག་དཔྱད་དང་གསོ་བཅོས་བྱེད་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།