ཅི་ཞིག་ནི་ཕྱིད་རྨས་ཡིན།
ཕྱིད་རྨས་ནི་གྲང་ངར་གྱིས་མིའི་ལུས་ཡོངས་སམ་ལུས་ཀྱི་ཆ་ཤས་ལ་གནོད་པ་ཐེབས་པར་ཟེར། ཕྱིད་རྨས་ལ་རྒྱུན་དུ་ཕྱིད་རྨས་རང་བཞིན་མིན་པ་དང་ཕྱིད་རྨས་རང་བཞིན་ཅན་གཉིས་ཡོད། ཕྱིད་རྨས་རང་བཞིན་ནི་དྲོད་ཚད་ཧ་ཅང་དམའ་བའི་འོག་གམ་ཡང་ན་དུས་ཡུན་རིང་པོར་དྲོད་ཚད་གོར་ཐིག་མན་གྱི་ཁོར་ཡུག་ཁྲོད་བྱུང་བའི་ཕྱིད་རྨས་རང་བཞིན་གྱི་ནད་ལུགས་འགྱུར་ལྡོག་བྱུང་བ་སྟེ། ལུས་ཡོངས་ལ་འཁྱགས་རེངས་ཐེབས་པར་ཟེར། ཕྱིད་རྨས་རང་བཞིན་མིན་པ་ནི་ལུས་པོ་དུས་ཡུན་རིང་པོར་དྲོད་ཚད་གོར་ཐིག་ནས་ཏུའུ10བར་གྱི་བརླན་གཤེར་ཆེ་བའི་ཁོར་ཡུག་ཁྲོད་ནས་བྱུང་བའི་ལུས་ཀྱི་ཆ་ཤས་ཕྱིད་རྨས་ལ་ཟེར་ཞིང་། སྐབས་དེར་ལུས་པོའི་ཕུང་གྲུབ་ལ་ཕྱིད་རྨས་རང་བཞིན་གྱི་ནད་ལུགས་འགྱུར་ལྡོག་བྱུང་མེད་པ་དང་། རྐང་ལག་སྐྲངས་པ་སོགས་ཀྱི་ནད་རྟགས་མངོན་སྲིད།
ཕྱིད་སླ་བའི་གནས་གང་དག་ཡོད།
ཕྱིད་རྨས་ནི་རྒྱུན་དུ་ལུས་པོའི་མཐའ་འཁོར་ནས་འབྱུང་བ་ཡིན་ལ། གཙོ་བོ་མཛུབ་སྣེ་དང་སྣ་རྩེ། རྐང་པ། ཕྱི་རྟིང་སོགས་སུ་འབྱུང་། རྐང་པ་ཕྱིད་པའི་ནད་པས་ཕྱིད་རྨས་ནད་པའི་ཕྱེད་ཀའི་ཡན་ཟིན་ཡོད་ཅིང་། རྒྱུ་རྐྱེན་ནི་གནས་དེ་དག་སྙིང་དང་རིང་དུ་གྱེས་ཡོད་པས། ཁྲག་རྒྱུན་འཁོར་རྒྱུག་ལྟོས་བཅས་ཀྱིས་ཅུང་ཞན་པ་དང་། གྲང་ངར་གྱིས་གཙེས་སླ་བ་རེད།
སྐབས་བསྟུན་ཐག་གཅོད་ཇི་ལྟར་བྱེད་དགོས།
ཕྱིད་རྨས་ཚབས་ཆེན་ཕོག་མཁན་གྱིས་མྱུར་དུ་དྲོད་ཚད་སླར་གསོ་དང་ཁྲག་འཁོར་རྒྱུག་སླར་གསོ་བྱེད་དགོས་པ་མ་ཟད་མྱུར་དུ་སྨན་བཅོས་བྱེད་དགོས། སྨན་ཁང་དུ་མ་ཐོན་སྔོན་ལ་དྲོད་ཚད་དམའ་བའི་ཁོར་ཡུག་དང་བྲལ་ནས་དྲོད་ཚད་མཐོ་ལ་སྐམ་ཤས་ཆེ་སར་འགྲོ་དགོས། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི་ཕྱིད་རྨས་ཕོག་མཁན་ལ་ཤུགས་ཆེན་པོས་གཙུབ་བརྡར་གཏན་ནས་བྱེད་མི་རུང་། གཞན་ཡང་ཆུའི་དྲོད་ཚད་མཐོ་དྲགས་པ་དང་། མེ་ཡིས་བསྲེགས་པ་སོགས་བྱེད་པའམ་ཡང་ན་དྲོད་ཚད་དམའ་བའི་འོག་ཏུ་བཞག་ནས་དལ་མོར་དྲོད་ཚད་སླར་གསོ་བྱེད་པ་ཚང་མ་འཛེམ་བྱ་ཡིན།
ཕྱིད་རྨས་ལ་སྔོན་འགོག་བྱེད་ཐབས་གང་དག་ཡོད།
ཕྱིད་རྨས་བྱུང་བ་མང་ཤོས་ནི་གྲང་འགོག་ཤེས་བྱར་རྒྱུས་མེད་པ་དང་། གྲང་འགོག་སྒྲིག་ཆས་བེད་སྤྱོད་བྱས་པ་འོས་འཚམ་མིན་པ་སོགས་དང་འབྲེལ་བ་ཡོད། མིག་སྔར་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་། ཕྱིད་རྨས་ལ་སྔོན་འགོག་བྱེད་རྒྱུ་སྔར་བཞིན་ཧ་ཅང་གལ་ཆེ་བས། ནམ་རྒྱུན་རང་ཉིད་ཀྱི་གྲང་འགོག་དྲོད་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། དེ་མིན་འཚོ་བཅུད་ལ་ཤུགས་སྣོན་དགོས་ཤིང་། ཚིལ་དང་སྤྲི་དཀར་རྫས། འཚོ་བཅུད་བཅས་བསྡུ་ལེན་བྱེད་ཚད་འོས་འཚམ་གྱིས་མང་དུ་བཏང་ནས་ལུས་ལ་དྲོད་བཅུད་ཀྱིས་འདང་བར་ཁག་ཐེག་བྱེད་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།