ཟས་ལ་ལ་ཁམ་གང་ལས་མ་བཟས་ཀྱང་འཚོ་བཅུད་མང་པོ་ཁ་གསབ་བྱེད་ཐུབ་པ་དང་། ཟས་ལ་ལ་ཕོར་པ་ཆེན་པོ་གཉིས་གསུམ་ཙམ་བཟས་ནའང་གྲོད་པ་རྒྱགས་ཐུབ་པ་ཙམ་ལས་འཚོ་བཅུད་ཏིལ་འབྲུ་ཙམ་ཡང་ཁ་གསབ་བྱེད་མི་ཐུབ། དེའི་རྒྱུ་མཚན་ནི་ཟས་ཀྱི་འཚོ་བཅུད་འདུས་ཚད་ལ་ཁྱད་པར་ཡོད་པའི་རྐྱེན་གྱིས་རེད། གནམ་གཤིས་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བའི་དགུན་གྱི་དུས་སུ་འཚོ་བཅུད་འདུས་ཚད་མཐོ་བའི་སྔོ་ཚལ་དང་ཤིང་འབྲས་ཀྱི་རིགས་མང་ཙམ་བསྟེན་ན་ལུས་པོའི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།དེས་ན་གཤམ་ནས་དགུན་དུས་ལུས་ལ་ཕན་ཞིང་འཚོ་བཅུད་འདུས་ཚད་མཐོ་བའི་སྔོ་ཚལ་དང་ཤིང་འབྲས་རིགས་འགའ་ངོ་སྤྲོད་ཅིག་བྱེད།
འཚོ་བཅུད་འདུས་ཚད་མཐོ་བའི་སྔོ་ཚལ་རིགས་འགའ།
ཚོད་སྣག ཚོད་སྣག་ཁྲོད་ཀྱི་འཚོ་རྒྱུKཡི་འདུས་ཚད་ཧ་ཅང་མཐོ་ལ། ལ་སེར་གྱི་རྒྱུ་དང་ལོ་མའི་སེར་རྒྱུ་སོགས་དབྱང་འགྱུར་འགོག་པའི་འཚོ་བཅུད་ཀྱི་གྲུབ་ཆ་དང་ལོ་སྐྱུར་གྱི་འདུས་ཚད་ཀྱང་མཐོ་བས། མིའི་ལུས་པོའི་རུས་པའི་སྲ་ཚད་ཇེ་དྲག་ཏུ་གཏོང་ཐུབ་ལ། སྙིང་གི་ཁྲག་རྩ་སྲུང་སྐྱོབ་དང་མིག་གི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།
མེ་ཚོད་ལྗང་ཁུ། མེ་ཚོད་ལྗང་ཁུའི་འཚོ་བཅུད་ཕུན་སུམ་ཚོགས་ཤིང་། འདབ་སྐྱུར་གྱི་འདུས་ཚད་ཀྱང་ཧ་ཅང་མཐོ་བས། འབྲས་སྐྲན་དང་སྙིང་ཁམས་ཁྲག་རྩའི་ནད་སོགས་སྔོན་འགོག་བྱེད་པར་ཕན་པ་ཡོད།
ཤ་མངར། ཤ་མངར་ནི་ཤ་མོའི་རིགས་ཤིག་ཡིན་པ་དང་། དེར་མངར་ཆ་མང་པོ་ལྡན་ཡོད་ཅིང་། འཚོ་རྒྱུDཡི་འདུས་ཚད་ཅུང་ལེགས་པའི་ཟས་རིགས་ཤིག་ཡིན་པས། སྐྲན་ནད་འགོག་པ་དང་ཁྲག་མངར་ཁྲག་ཚིལ་སྙོམ་སྒྲིག་བྱེད་པ། མཚེར་བར་ཕན་པ། ལུས་སྟོབས་བསྐྱེད་པ་སོགས་ཀྱི་ནུས་པ་ལྡན།
ལ་སེར། ལ་སེར་ནི་དཀར་པོ་ཆིག་ཐུབ་ཀྱི་སྤུན་མཆེད་ཡིན་ཟེར་བའི་བཤད་ཚུལ་ལྟར། ལ་སེར་གྱི་འཚོ་བཅུད་ཕུན་སུམ་ཚོགས་ཤིང་། གཉན་ཚད་འགོག་པ་སོགས་ཀྱི་ནུས་པ་ཡོད་པ་མ་ཟད། དབུགས་ལམ་གྱི་བདེ་ཐང་སྲུང་སྐྱོབ་དང་རིམས་འགོག་ནུས་པ་མཐོར་འདེགས་ཐུབ་ལ། འགོས་ནད་རང་བཞིན་གྱི་ནད་རིགས་ཕོག་ཚད་ཇེ་ཉུང་དུ་གཏོང་ཐུབ།
འཚོ་བཅུད་འདུས་ཚད་མཐོ་བའི་ཤིང་ཏོག་རིགས་འགའ།
སྤྲེལ་ཁམ། སྤྲེལ་ཁམ་ནི་རྒྱུན་མཐོང་ཤིང་ཏོག་ཁྲོད་ཀྱི་འཚོ་རྒྱུCཡི་འདུས་ཚད་ཅུང་ཕུན་སུམ་ཚོགས་པའི་ཤིང་ཏོག་ཡིན་པས། སྤྲེལ་ཁམ་གཅིག་དང་ཕྱེད་ཀ་ཟོས་ན། སྐྱེ་བོ་དར་མ་ཞིག་ལ་ཉིན་ཧྲིལ་བོར་མཁོ་བའི་འཚོ་རྒྱུCཡི་དགོས་མཁོ་སྐོང་ཐུབ། དེ་མིན། སྤྲེལ་ཁམ་ལ་ད་རུང་ཚ་བ་དང་སྐོམ་དད་སེལ་བ། ཟས་ཀྱི་ཡི་ག་འབྱེད་ཅིང་དུག་སེལ་བ་སོགས་ཀྱི་བྱེད་ནུས་ཡོད།
འབྲི་ཏ་ས་འཛིན། འབྲི་ཏ་ས་འཛིན་ཁྲོད་ཀྱི་འཚོ་རྒྱུCཡི་འདུས་ཚད་ཅུང་མཐོ་ལ། ཚ་ནད་འགོག་པ་དང་ལུས་ཕུང་གི་དུག་གཙང་སེལ་བྱེད་པར་ཕན་ནུས་ཆེ།
ཤིང་ཏོག་ལི། ཤིང་ཏོག་ལི་ཡི་ནང་དུ་བཟའ་བཅའི་ཚི་སྣ་འདུས་ཤིང་། ཤིང་ཏོག་ལི་ཁེ་བརྒྱ་རེའི་ནང་བཟའ་བཅའི་ཚི་སྣ་ཁེ་གཉིས་གྲངས་ཆུང་དྲུག་ཙམ་ཡོད་པ་དང་། སྐོམ་པ་སེལ་ཞིང་བཤང་བ་འབེབས་པ། ལུད་པ་འགོག་པ་སོགས་ཀྱི་ཕན་ནུས་ཡོད།