བྱིས་པའི་བཤལ་རིམས་དང་སིབ་བུའི་ནད་ཀྱི་ནད་རྟགས་དང་བཅོས་ཐབས།
2024.12.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

བཤལ་རིམས།   བཤལ་རིམས་ནི་ཟས་གཙང་མ་མིན་པ་ཕྲ་སྲིན་ཅན་ཏེ་ནང་སྒོས་སུ་བཤལ་རིམས་ནར་སྲིན་ཅན་ཁོང་དུ་ཟོས་པ་ལ་བརྟེན་ནས་བྱུང་བ་ཡིན།      ནད་རྟགས་ལ་ཚ་རྒྱག་པ་དང་གསུས་གཟེར་འབྱུང་བ།  བཤང་བ་ཁྲག་རྣག་ཅན་འབྱུང་བ་སོགས་ཡོད།   ནད་དེའི་རིགས་ནི་ཁ་ཟས་བརྒྱུད་ནས་འགོས་པ་ཡིན་པས། རྗེན་ཟས་དང་ཟས་རུལ་བ་སོགས་སྤང་དགོས་པ་དང་།   བྱིས་པར་ཟ་མ་མ་ཟོས་སྔོན་ལ་ལག་པ་བཀྲུ་རུ་འཇུག་དགོས་ཤིང་།   མཛུབ་མོ་ནུ་བ་སྤང་དུ་འཇུག་པ་སོགས་གཙང་སྦྲར་མཉམ་འཇོག་བྱེད་དགོས།   སྤྱིར་བཏང་གི་བཤལ་རིམས་ནི་རང་ཁྱིམ་དུ་བཅོ་ཐུབ།

སིབ་བུ།  དེ་ནི་སིབ་བུའི་ནད་དུག་གིས་རྐྱེན་བྱས་ཏེ་བྱུང་བའི་བྱིས་པའི་རིམས་ནད་ཅིག་སྟེ་གཞན་ལ་འགོ་སླ་བ་ཡིན།  དེ་ལ་དུས་ཀྱི་རིམ་པ་ལྟར་ནད་རྟགས་མི་གསལ་བའི་དུས་དང་འབྲུམ་བུ་འབུད་པའི་དུས།    སོས་པའི་དུས་བཅས་རྣམ་པ་གསུམ་ཡོད།   ནད་རྟགས་མི་གསལ་བའི་དུས་ནི་སྤྱིར་བཏང་ཉིན་གསུམ་ནས་བཞིའི་རིང་ཡིན་ཏེ། ཚ་རྒྱག་པ་དང་གློ་ལུ་བ། སྣ་ཆུ་བཞུར་བ།  འོད་ལ་སྐྲག་པ།  མཆི་མ་བཞུར་བ་བཅས་ཆམ་པའི་ནད་རྟགས་དང་འདྲ།   མཆེ་བའི་ཐད་ཀྱི་སྐྱི་མོའི་སྟེང་དུ་དཀར་ཐིག་ཁབ་རྩེ་ལྟ་བུ་མངོན་ཞིང་མཐའ་དམར་པོར་འོང་བ་དེ་ནི་སིབ་བུའི་ཐོག་མའི་ནད་རྟགས་ཐུན་མོང་མ་ཡིན་པ་ཞིག་ཡིན་མོད།   བྱིས་པ་ལ་ལར་ནད་རྟགས་དེ་མི་གསལ།   འབྲུམ་བུ་འབུད་པའི་དུས།   ཉིན་བཞི་ནས་ལྔའི་རྗེས་སུ་པགས་འབྲུམ་དམར་པོ་ཐར་ཐོར་དུ་འབྱུང་སྟེ། རྣ་རྒྱབ་དང་ངོ་ལ་འབུད་པ་དང་དེ་ནས་བྲང་ངོས་དང་གསུས་ངོས།  ཡན་ལག་བཞི་བཅས་སུ་རིམ་གྱིས་འབུད་པར་བྱེད།   གློ་ལུ་བ་ཚབས་ཆེ་ན་གློ་ཚད་སོགས་སུ་འགྱུར་བའང་ཡོད།   སོས་པའི་དུས།  པགས་འབྲུམ་སྔ་གཞུག་གི་རིམ་པ་ལྟར་ཞི་ཞིང་ཚ་བ་མར་ཆག་པ་དང་ནད་རྟགས་གཞན་རྣམས་ཀྱང་ཞི་བར་བྱེད།  པགས་འབྲུམ་འབྲས་ཤུན་ལྟ་བུར་གྱུར་ནས་ལྷུང་ཞིང་ཤུལ་དུ་དམར་ཐིག་ལུས་ལ། གཟའ་འཁོར་གཉིས་ནས་གཟའ་འཁོར་གསུམ་འགོར་རྗེས་ཡོངས་སུ་དག་འགྲོ་བ་ཡིན། སྔོན་འགོག་བྱེད་ཐབས་དང་བཅོས་ཐབས། བྱིས་པ་སྐྱེས་ནས་ཟླ་དྲུག་གི་དུས་སུ་སིབ་བུ་འགོས་སླ་བས།  སིབ་བུ་བྱུང་ཡོད་པའི་ནད་པ་དང་འབྲེལ་འདྲིས་བྱེད་མི་རུང་།  བོད་ཀྱི་གསོ་རིག་ལྟར་ན་འབྲུམ་བུ་སྨིན་པའི་ཕྱིར་དུ་ཆུ་ཁོལ་མང་དུ་འཐུང་དགོས་པ་དང་དེས་ཚ་གཅོག་པར་ཡང་ཕན།   གཞན་ད་རུང་ཁ་ནང་དང་པགས་པའི་གཙང་སྦྲར་དོ་སྣང་བྱེད་དགོས་པར་མ་ཟད།  དྲོས་འཁྱག་ལ་མི་འགྲོ་བར་བྱེད་དགོས།    སྨན་ལ་དེང་རབས་གསོ་རིག་ལྟར་ན་ནད་རྟགས་ལ་བལྟས་ཏེ་ཚ་ཆེ་བ་རྣམས་ལ་ཚ་གཅོག་བྱེད་ཀྱི་སྨན་དང་གློ་ལུ་བ་ཚབས་ཆེ་ན་གློ་ལུ་འཇོག་བྱེད་ཀྱི་སྨན་བསྟེན་དགོས།

གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ལས་བདམས་པ་ཡིན།