ཉེ་ལམ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་མྱུར་སྐྱོབ་ཁང་དང་སྒོ་བསྟེན་ཁང་གིས་མི་ཐེངས་ཁྲི་དགུ་དང་སྟོང་གསུམ་བདུན་བརྒྱ་ཞེ་བདུན་ལ་སྨན་བཅོས་བྱས་པ་དང་། མི་སྟོང་བཞི་དང་བདུན་བརྒྱ་བཅུ་གཉིས་ཞག་སྡོད་སྨན་བཅོས་བྱས། སྨན་བཅོས་སྤྱིའི་ཡོང་སྒོ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་བདུན་དང་སྟོང་དྲུག་སུམ་བརྒྱ་ལ་སླེབས་པ་དང་། ཀྲུང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ཡོང་སྒོ་སྒོར་བྱེ་བ་གཅིག་དང་ཁྲི་གཉིས་བརྒྱད་བརྒྱ་ལ་སླེབས་པ་དེ་སོ་སོ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སོ་དྲུག་གྲངས་ཆུང་གཉིས་དྲུག་དང་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་ཐིག་བརྒྱད། བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་དགུ་གཅིག བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་ལྔ་བཞི་བཅས་ལ་འཕར་ཡོད། ཞང་དང་གྲོང་རྡལ་གྱི་མལ་ཁྲི་བཀོལ་སྤྱོད་བྱས་ཚད་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་གཉིས་ལ་སླེབས་པ་དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སོ་གཉིས་དང་གྲངས་ཆུང་གསུམ་འཕར་ཡོད།
ད་ལོའི་ཚུན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་སྟེ་གཞི་རིམ་མང་ཚོགས་ཀྱི་ནད་སྟོན་དཀའ་བ་དང་ལམ་ཐག་རིང་བ། སྨན་རིན་མཐོ་བ་སོགས་གནད་དོན་ཐག་བཅད།
རྨ་ལྷོ་ཁུལ་གྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་སོ་བདུན་གྱིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འཕྲོད་བསྟེན་ཁང་གཅིག་ལ་བྱེད་ཐབས་གཅིག་དང་ཁྱད་ཆོས་གཅིག་གི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་པ་དང་། ཞབས་ཞུའི་བྱེད་ནུས་རྒྱ་བསྐྱེད་པ་དང་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། མི་སྣ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས་མང་ཚོགས་རྣམས་ལ་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག
ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་། མི་དམངས་གཙོ་བོར་འཛིན་རྒྱུ་དེ་འཕྲོད་བསྟེན་བདེ་ཐང་བྱ་བའི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་མང་ཚོགས་རྣམས་ཀྱི་འཕྲོད་བསྟེན་བདེ་ཐང་ཐད་ཀྱི་ཐོབ་ཚོར་སྔར་ལས་མང་བ་དང་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་ཚོར་ལ་སྔར་ལས་འགན་སྲུང་ཡོད་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།