ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མགོ་ལོག་ཏུ་བསྐྱོད་པའི་སྤྱི་ཕན་བྱ་འགུལ་གྱིས་མགོ་ལོག་མི་དམངས་ལ་ཕན་བདེ་བསྐྲུན།
2024.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

མིག་སྔའི་བར་དུ།   སྐོར་ལྔ་བའི་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཚོགས་སྒྲིག་རྣམ་པའི་ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་རྩ་འཛུགས་བྱས་པའི་ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མགོ་ལོག་ཏུ་བསྐྱོད་པའི་སྤྱི་ཕན་བྱ་འགུལ་གྱིས་མགོ་ལོག་གི་རྫོང་དྲུག་ཏུ་ལྷན་སྐྱེས་ཀྱི་སྙིང་ནད་དང་སྐྱ་འགྲིབ་མིག་ནད་སོགས་ཡོད་པའི་དམིགས་བསལ་ནད་པ་བརྒྱ་དང་གཅིག་ལ་བརྟག་དཔྱད་བྱས་པ་དང་།  དེའི་ནང་གི་ནད་པ་ཉེར་གཉིས་ལ་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཕན་ཐེབས་རྩའི་རོགས་སྐྱོར་ཐོབ་ནས་ཧྲང་ཧེ་ནས་རིན་མེད་པར་སྨན་བཅོས་བྱས།

མཚམས་སྦྱོར་བྱས་པ་ལྟར་ན།      ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མགོ་ལོག་ཏུ་བསྐྱོད་པའི་སྤྱི་ཕན་བྱ་འགུལ་གྱིས་ལྷན་སྐྱེས་ཀྱི་སྙིང་ནད་སོགས་ལྷན་སྐྱེས་ནད་རིགས་མང་པོ་དང་དེ་མིན་སྔོན་འགོག་སྨན་བཅོས་བྱས་ཆོག་པའི་ནད་རིགས་ཚབས་ཆེན་ལ་དམིགས་ནས་སྔོན་ལ་བརྟག་དཔྱད་དང་དུས་ཐོག་ཏུ་སྨན་བཅོས་བྱས་པ་དང་།     རྒྱང་བསྟེན་བརྟག་བཅོས་ཀྱི་བྱེད་ཐབས་བརྒྱུད་ནས་དོགས་གཞི་ཡོད་པའི་ནད་པའི་སྨན་བཅོས་ཇུས་གཞི་གཏན་འཁེལ་བྱས་པར་མ་ཟད།   ཧྲང་ཧེ་གྲོང་ཁྱེར་གྱི་རིགས་སོ་སོའི་སྤྱི་ཕན་ཐེབས་རྩའི་མ་དངུལ་བརྒྱུད་དེ་སྨན་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་པ་ཧྲང་ཧེ་རུ་བསྐྱལ་ནས་རིན་མེད་སྨན་བཅོས་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།    ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མགོ་ལོག་ཏུ་བསྐྱོད་པའི་སྤྱི་ཕན་བྱ་འགུལ་གྱིས་ལྷན་སྐྱེས་ཀྱི་སྙིང་ནད་སོགས་ལ་བརྟག་དཔྱད་དང་བདེ་ཐང་འོས་འགན་སྨན་བཅོས།   ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཆེན་མོ།  གཞི་རིམ་སྨན་པར་མཛུབ་སྟོན་བྱེད་པ་སོགས་ཕྱོགས་མང་པོར་ཁྱབ་པར་བྱས་ཡོད།     2023ལོའི་ཟླ་བརྒྱད་པར་མགོ་བརྩམས་པ་ནས་ད་ལྟའི་བར་དུ།  སྐོར་ལྔ་བའི་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཚོགས་སྒྲིག་རྣམ་པའི་ཧྲང་ཧེས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་རུ་ཁག་མགོ་ལོག་ཁུལ་གྱི་ཞང་དང་གྲོང་རྡལ་སུམ་ཅུ་ལྷག་ལ་སོང་ནས་མང་ཚོགས་ཁྲི་བརྒྱད་ལྷག་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི་གཅིག་ལྷག་ལ་ཕན་བདེ་བསྐྲུན་པ་དང་།   རྒྱུན་མཐོང་ནད་རིགས་དང་འབྱུང་ཐེངས་མང་བའི་ནད་རིགས་ལ་མཁོ་བའི་སྨན་རྫས་སོགས་རིན་གོང་སྒོར་འབུམ་གཅིག་ལ་ཉེ་བ་ལྷག་བྱིན།

ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ།   མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་འགོ་གཙོ་ཀྲོའུ་ཞའོ་ཧུའེ་ཡིས་བསྟན་དོན།   ཏང་འཛུགས་ལ་བརྟེན་ནས་དོན་དངོས་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བདེ་ཐང་འགུལ་སྐྱོད་སོགས་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རང་ས་གནས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་།     འགུལ་སྐྱོད་དངོས་ལ་བརྟེན་ནས་མགོ་ལོག་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།