དགུན་དུས་ལུག་ཤ་བཟའ་སྐབས་གནད་འགར་མཉམ་འཇོག་བྱེད་དགོས།
2024.12.23 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 16

གྲང་ངར་ཆེ་བའི་དགུན་དུས་སུ།  མི་མང་པོ་ཞིག་གིས་ལུས་པོར་དྲོད་འཕེལ་བའི་ཆེད་དུ་ལུག་ཤ་ཟ་བཞིན་ཡོད།  དེས་ན། གཤམ་ནས་དགུན་དུས་སུ་ལུག་ཤ་བཟའ་སྟངས་སྐོར་གྱི་འབྲེལ་ཡོད་བདེ་ཐང་ཤེས་བྱ་ཁག་ཅིག་མཉམ་སྤྱོད་བྱེད།

ལུག་ཤར་དྲོད་སྐྱེད་ཀྱི་ནུས་པ་ལྡན་པས།  ལུས་སྟོབས་ཞན་པའི་མིས་སྟོན་དུས་དང་དགུན་དུས་གཉིས་ལ་ལུག་ཤ་ཟོས་ན་བཟང་མོད།  འོན་ཀྱང་ལུས་དྲོད་ཆེ་བའི་མིས་ལུག་ཤ་ཟོས་ན་ཚ་བ་རྒྱས་སྲིད་ལ། མིད་པ་སྐྲངས་ཤིང་ན་ཟུག་ལངས་པ། སྣ་ཁྲག་ཡོང་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།  དེས་ན་ལུག་ཤ་དང་ཚ་དྲོད་འཕེལ་བའི་བཟའ་བཏུང་མཉམ་དུ་བསྟེན་མི་རུང་བར།  བསིལ་བའི་རང་བཞིན་ནམ་མངར་བཅུད་སྙོམས་པའི་སྔོ་ཚལ་གྱི་རིགས་མཉམ་དུ་སྡེབ་ན་བཟང་།  དཔེར་ན། ལུག་ཤ་ཟ་སྐབས་སྲན་ཞོ་ལྟ་བུ་མཉམ་དུ་སྡེབ་ན་ལུས་པོར་ཕན་པ་མ་ཟད།  ཚ་བ་སེལ་ཞིང་སྐོམ་གདུང་སེལ་བའི་ནུས་པ་ཐོན་ཐུབ།  སྤྱིར་ན་ལུག་ཤ་ནི་ཕོ་བས་འཇུ་སླ་བ་ཞིག་ཡིན་མོད། འོན་ཀྱང་ཟོས་དྲགས་ན་ཕོ་བ་སྐྲངས་ནས་་ལུས་པོའི་བདེ་ཐང་ལ་གནོད་སྲིད་པས་ཟ་ཚོད་རན་པོ་བྱེད་དགོས།

ལུག་ཤ་ཟ་དུས་ཀྱི་འཛེམ་བྱ་ཁག་ཅིག

ལུག་ཤ་དང་མཉམ་དུ་སྐྱུར་ཁུ་འཐུང་མི་རུང་།

ལུག་ཤ་ནི་ཚ་བའི་རིགས་ཀྱི་ཟས་རིགས་ཤིག་ཡིན་པ་དང་། སྐྱུར་ཁུ་ནི་སྐྱུར་བའི་རང་བཞིན་ཡིན་པས། དེ་གཉིས་ངོ་བོ་མཐུན་ཐབས་མེད་ལ། གཉིས་ཀ་མཉམ་དུ་ཟོས་ན་གཉིས་ཀའི་ནུས་པ་ཤོར་ནས་ལུས་པོའི་བདེ་ཐང་ལ་གནོད་སྲིད།

ལུག་ཤ་དང་མཉམ་དུ་ཇ་འཐུང་མི་རུང་།

ལུག་ཤ་ཟ་དུས་ཇ་འཐུང་ན་མཉེན་སྐྱུར་སྤྲི་དཀར་རྫས་འབྱུང་ཞིང་། ཕོ་རྒྱུའི་དལ་འགུལ་ཇེ་ཞན་དུ་ཕྱིན་ནས་བཤང་བ་འགག་སྲིད།

ལུག་ཤ་དང་ལྷོ་ཀུབ་སོགས་ཚ་བའི་རང་བཞིན་གྱི་ཟས་རིགས་མཉམ་དུ་བཟའ་མི་རུང་།

ལུག་ཤ་དང་ལྷོ་ཀུབ་ནི་ཚ་བའི་རང་བཞིན་གྱི་ཟས་རིགས་ཡིན་པས། མཉམ་དུ་ཟོས་ན་ལུས་པོའི་ཕྱི་ནང་ཀུན་ལ་ཚ་བ་རྒྱས་སྲིད།

ལུག་ཤ་དང་ཆུ་ཀུབ་མཉམ་དུ་བཟའ་མི་རུང་།

ལུག་ཤ་དང་ཆུ་ཀུབ་མཉམ་དུ་ཟོས་ན་ལུག་ཤའི་དྲོད་སྐྱེད་ནུས་པ་ཇེ་ཞན་དུ་འགྲོ་བ་མ་ཟད། མཚེར་བ་དང་ཕོ་བའི་བདེ་ཐང་ལ་གནོད་ཅིང་ཁོག་པ་ཡང་བཤལ་སྲིད།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།